ཉེ་ལམ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་བཅོ་ལྔ་ཡིས《ལོ་ལྔའི་འཆར་འགོད་བཅུ་བཞི་པའི་བདེ་ཐང་ཅན་གྱི་ལོ་ལོན་རྒན་པའི་སྐོར་གྱི་འཆར་འགོད》བཀྲམ་ནས། ལུས་སེམས་བདེ་ཐང་ཡོང་བ་མཉམ་དུ་འཛིན་པའི་སྔོན་འགོག་བདེ་སྲུང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ལས་འགན་ཁག་དགུ་བཏོན་པ་རེད།
འཆར་འགོད་ནང་རང་རྒྱལ་གྱི་ལོ་ལོན་རྒན་པའི་བདེ་ཐང་གནས་ཚུལ་དེ་འདྲ་མི་ལེགས་པ་དང་། ལོ་ན་རྒས་པ་དང་ཆབས་ཅིག་ཚོར་ཤེས་སོགས་ཀྱི་ནུས་པ་ཉམས་པ་དང་། དེ་བཞིན་འཚོ་བཅུད་དང་སེམས་ཁམས་སོགས་བདེ་ཐང་གི་གནད་དོན་ཉིན་བཞིན་མངོན་གསལ་དུ་སོང་ནས་ལོ་ལོན་རྒན་པའི་ཁྲོད་ཀྱི་བརྒྱ་ཆའི་དོན་བརྒྱད་ཡན་ལ། མ་མཐར་ཡང་སྐྲན་ནད་རིགས་གཅིག་ཡན་བྱུང་སྟེ་ནུས་པ་ཉམས་པའི་ལོ་ལོན་གྱི་གྲངས་ཀ་རྒྱུན་མཐུད་ངང་འཕར་བཞིན་ཡོད། ལོ་ལོན་གྱི་བདེ་ཐང་དགོས་མཁོ་དང་བསྡུར་ཚེ་བདེ་ཐང་ཅན་གྱི་ལོ་ལོན་དང་འབྲེལ་བ་ཡོད་པའི་སྒྲིག་གཞི་དང་། དཔུང་ཁག ཞབས་ཞུ། སྲིད་ཇུས་བཅས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་མི་འདང་བ་དེ་བསྟན་ཡོད།
འཆར་འགོད་ནང་ལོ་ལོན་རྒན་པའི་སྔོན་འགོག་བདེ་སྲུང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས་ཤིང་། རིག་ནུས་ཉམས་པ་སྔོན་འགོག་དང་ཐེ་གཏོགས་ཀྱི་ལས་དོན་སྤེལ་ནས་ལོ་ལོན་རྒན་པའི་རིག་ནུས་ཉམས་པའི་གནས་ཚུལ་ཇེ་ཉུང་དུ་གཏོང་དགོས། ལོ་ལོན་རྒན་པའི་ནད་རིགས་འགོག་བཅོས་ཀྱི་བྱ་སྤྱོད་ལག་བསྟར་བྱས་ཏེ།《རྒྱལ་ཁབ་ཀྱིས་ལོ་ལོན་རྒན་པའི་ནད་རིགས་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་འཆར་གཞི》བཟོས་ནས། ལོ་ལོན་རྒན་པའི་ཚོར་ཤེས་ཀྱི་ནུས་པར་གྲལ་བཤེར་དང་ཐེ་གཏོགས་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། ལོ་ལོན་རྒན་པའི་ནད་རིགས་སྔ་མོ་ནས་གྲལ་བཤེར་དང་། སྔ་མོ་ནས་བརྟག་དཔྱད། སྔ་མོ་ནས་ཐེ་གཏོགས་བཅས་ཀྱི་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་རྐྱེན་སྲོལ་འཛུགས་དགོས་ལ། མགྱོགས་མྱུར་ངང་བདེ་འཇགས་ཀྱི་ཁོར་ཡུག་འཛུགས་སྐྲུན་དང་སྡོད་ཁང་རྙིང་པར་བསྒྱུར་བཀོད་བྱེད་པ་དང་། ལོ་ལོན་རྒན་པའི་གཅིག་བསྡུས་སྡོད་གནས་སུ་རང་འགུལ་ལུས་འདར་འཕྲུལ་ཆས་སྒྲིག་སྦྱོར་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
འཆར་འགོད་ནང་། རྒྱུན་མཐུད་རང་བཞིན་གྱི་ཞབས་ཞུ་གཙོ་གནད་དུ་བཟུང་ནས་ལོ་ལོན་རྒན་པའི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་སྟེ། དཔེར་ན། སྨན་བཅོས་སྒྲིག་གཞིར་རིག་ཚན་མང་པོའི་སྨན་བཅོས་བྱེད་སྟངས་ཁྱབ་གདལ་བཏང་ནས་ལོ་ལོན་རྒན་པའི་ཕྱོགས་བསྡུས་ནད་ཀྱི་དོ་དམ་ལ་ཤུགས་སྣོན་དང་། ལོ་ལོན་རྒན་པའི་ནད་ཡམས་ཚབས་ཆེ་བའི་དུས་སྐབས་དང་། སྐྲན་ནད་ཀྱི་དུས་སྐབས། དྲག་སྐྱེད་བྱུང་བའི་དུས་སྐབས། ཡུན་རིང་ལྟ་སྐྱོང་གི་དུས་སྐབས། ཚེ་མཇུག་གི་དུས་སྐབས་བཅས་ཀྱི་ནད་སྐྱོང་ཞབས་ཞུའི་མ་ལག་འཛུགས་པ། དྲག་སྐྱེད་ནད་སྐྱོང་སྒྲིག་གཞི་དང་བདེ་ལྷོད་ནད་སྐྱོང་སྒྲིག་གཞི་གཉིས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་དྲ་མིག་དོ་དམ་ཁྲོད་འཇུག་པ་དང་། ཤར་བགྲོད་དང་ལུགས་མཐུན་གྱི་སྨན་ཁང་བཅོས་བསྒྱུར་གྱི་རྐྱེན་སྲོལ་བཙུགས་ནས། དྲ་མིག་དོ་དམ་ཁྲོད་བཅུག་པའི་ལོ་ལོན་རྒན་པར་ནད་ཡམས་སྔོན་འགོག་དང་། ནད་གཞི་བརྟག་དཔྱད། སྨན་བཅོས། དྲག་སྐྱེད། ནད་སྐྱོང་སོགས་གཞི་གཅིག་ཅན་གྱི་སྨན་བཅོས་ཞབས་ཞུ་དང་རྒྱུན་མཐུད་ཅན་གྱི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་པར་སྐུལ་ལྕག་བྱེད་དགོས་པ་ནན་གྱིས་བསྟན་ཡོད།
འཆར་འགོད་ནང་ད་དུང་ཁྱིམ་ཚང་སྡོད་ཁུལ་གྱི་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་བྱེད་པའི་ལུས་སྟོབས་ཞན་པའི་ལོ་ལོན་རྒན་པར་ལྟ་རྟོག་བྱེད་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱིས་ལོ་ལོན་རྒན་པའི་བདེ་ཐང་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བ་སོགས་ལ་བཀོད་སྒྲིག་ཞིབ་མོ་བྱས་ཡོད།།
རྩོམ་སྒྲིག་པ། འབྲུག་མོ།