སྤྱི་བདེ་པུའུ་སོགས་སྡེ་ཁག་བཞི་ཡིས་ནར་མ་སོན་པའི་མི་ལ་གློག་རྡུལ་ཐ་མག་འཚོང་བའི་བྱ་སྤྱོད་ལ་མཉམ་དུ་བཅོས་སྐྱོང་བྱ་རྒྱུ་རེད།
2022.03.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

གསར་འགོད་པས་ཉེ་ཆར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ནར་མ་སོན་པའི་མི་ལ་གློག་རྡུལ་ཐ་མག་འཚོང་བའི་བྱ་སྤྱོད་ཁྲིམས་ལྟར་གཙང་སེལ་དང་བཅོས་སྐྱོང་བྱེད་པ་དང་། གློག་རྡུལ་ཐ་མག་དང་འབྲེལ་བའི་ཁྲིམས་འགལ་ཉེས་བསགས་ལ་རྡུང་རྡེག་ནན་མོ་བཏང་སྟེ། ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་དངོས་གནས་སྲུང་སྐྱོབ་བྱེད་ཆེད། སྤྱི་བདེ་པུའུ་དང་རྒྱལ་ཁབ་ཐ་མག་ཆེད་འཚོང་ཅུའུ། རྒྱབ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། སློབ་གསོ་པུའུ་བཅས་ཀྱིས་ཉེ་ཆར་མཉམ་དུ་ནར་མ་སོན་པའི་མི་ལ་གློག་རྡུལ་ཐ་མག་འཚོང་བའི་བྱ་སྤྱོད་གཙང་སེལ་དང་བཅོས་སྐྱོང་བྱས་ཏེ། གློག་རྡུལ་ཐ་མག་དང་འབྲེལ་བའི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་རྒྱུའི་ཆེད་དམིགས་བྱ་བའི་ཇུས་གཞི་བཏོན་ཞིང་འགྲེམ་སྤེལ་བྱས་པར་མ་ཟད། ཉིན་དེ་ནས་བཟུང་སྟེ་ཟླ་བཞི་བའི་ཟླ་མཇུག་བར་ཆེད་དམིགས་གཙང་སེལ་བཅོས་སྐྱོང་བྱ་འགུལ་སྤེལ་རྒྱུ་བཀོད་སྒྲིག་བྱས།

ཇུས་གཞིའི་ནང་བསྟན་དོན། དྲ་ལམ་དང་དྲ་ལམ་མ་ཡིན་པ་ཕན་ཚུན་ཟུང་འབྲེལ་དང་། གཙང་སེལ་བཅོས་སྐྱོང་དང་རྡུང་རྡེག་རྩད་གཅོད་ཕན་ཚུན་ཟུང་འབྲེལ་བྱས་ཏེ། ཆེད་དམིགས་བྱ་བ་སྤེལ་བ་བརྒྱུད། སློབ་གྲྭའི་མཐའ་འཁོར་དུ་གློག་རྡུལ་ཐ་མག་འཚོང་བའི་དྲ་ཚིགས་དང་གློག་རྡུལ་ཐ་མག་གི་རང་འགུལ་ཕྱིར་འཚོང་བྱེད་པའི་འཕྲུལ་ཆས་གཙང་སེལ་བྱས་པར་མ་ཟད། དཔང་ཡིག་མེད་པར་ཚོང་གཉེར་བྱེད་སའི་གནས་འགའ་མེད་པར་བཟོས་ཤིང་། དྲ་ཐོག་ནས་གློག་རྡུལ་ཐ་མག་འཚོང་བའི་གནོད་ལྡན་ཆ་འཕྲིན་སྐོར་ཞིག་གཙང་སེལ་བྱས་ལ། ནར་མ་སོན་པའི་མི་ལ་གློག་རྡུལ་ཐ་མག་འཚོང་བའི་ཁྲིམས་འགལ་གྱོད་དོན་སྐོར་ཞིག་རྩད་ཆོད་ཅིང་།“དུག་ལྡན་གློག་རྡུལ་ཐ་མག”འཚོང་བའི་ཁྲིམས་འགལ་ཉེས་བསགས་ཀྱི་གྱོད་དོན་སྐོར་ཞིག་རྩད་ཆོད་པ་རེད། །

རྩོམ་སྒྲིག་པ། འབྲུག་མོ།