ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་བཅས་ཀྱི་རྒྱབ་སྐྱོར་ཆེན་པོ་བྱས་འོག ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་སྒོས་སྤྱི་པའི་འཕྲོད་བསྟེན་མ་ལག་གི་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཞིག་རིམ་བཞིན་ཆགས་ཡོད་མོད། འོན་ཀྱང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་། རང་ཞིང་གི་སྤྱི་པའི་འཕྲོད་བསྟེན་ནུས་པའི་མ་ལག་འཛུགས་སྐྲུན་ཐད་སྔར་བཞིན་བར་ཐག་ཆེ་ཞིང་ལས་འགན་ལྗིད་མོ་རེད། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་གྲོས་གཞི་བཏོན་ནས་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུས་མཚོ་སྔོན་ལ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་སུ་སྤྱི་པའི་འཕྲོད་བསྟེན་མ་ལག་གི་ནུས་པའི་འཛུགས་སྐྲུན་ལ་སྔར་ལས་ལྷག་པར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།
རྡོ་རྗེ་རབ་བརྟན་གྱིས་རང་ཞིང་གི་རིམ་པ་སོ་སོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་འཛུགས་སྐྲུན་རྒྱ་བསྐྱེད་ལས་གཞི་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རང་ཞིང་གི་རིམ་པ་སོ་སོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་ལྟ་ཞིབ་དཔྱད་འཇལ་དང་ཐབས་ཇུས་བློ་འདྲི། ལག་རྩལ་མཛུབ་ཁྲིད། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གལ་ཆེན་བཅས་ལ་མགྱོགས་མྱུར་ངང་ཞིབ་དཔྱད་ཚད་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་པ་ལས་གཞན། ཞིང་ཆེན་དང་གྲོང་ཁྱེར། (ཁུལ།) རྫོང་བཅས་རིམ་པ་གསུམ་གྱི་འགོ་ནད་ཆེད་ལས་ཚན་ཁག་གི་སྨན་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། མཚོ་བོད་མཐོ་སྒང་གི་གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་འཕྲོད་བསྟེན་འཕྲལ་བསྟུན་གསོ་སྦྱོང་རྟེན་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་འཕྲལ་བསྟུན་གསོ་བཅོས་རྟེན་གཞི་བསྐྲུན་པར་རྒྱབ་སྐྱོར་བྱས་པ་བརྒྱུད། འཕྲལ་བསྟུན་གྱི་གསོ་རིག་རོགས་སྐྱོབ་གསོ་སྦྱོང་དང་། འཁྲབ་སྦྱོང་། སློབ་གསོ། འཕྲལ་བསྟུན་གསོ་བཅོས་སོགས་ཀྱི་ཕྱོགས་བསྡུས་ནུས་པ་འཐུས་སྒོ་ཇེ་ཚང་དུ་གཏང་སྟེ། འཕྲོད་བསྟེན་གྱི་འཕྲལ་བསྟུན་དང་ནད་ཡམས་རིག་པའི་བརྟག་དཔྱད། ཞིབ་བཤེར་ཚད་ལེན་སོགས་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཤེས་ལྡན་མི་སྣའི་གསོ་སྐྱོང་གི་གསོ་སྦྱོང་རྣམ་གྲངས་བཀོད་སྒྲིག་དང་། གྲོན་དངུལ་བགོ་བཤའ། སྲིད་ཇུས་ཇུས་འགོད་བཅས་ཀྱི་ཐད་མཚོ་སྔོན་ལ་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།།
རྩོམ་སྒྲིག་པ། འབྲུག་མོ།