ཟླ་མཚན་ཆད་པ་དང་བསྟུན་ནས་རང་ཉིད་བདེ་སྲུང་བྱེད་ཚུལ།
2022.03.14 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 35

ལང་ཚོ་དར་ལ་བབས་པའི་དུས་དང་ཟླ་མཚན་ཆད་པའི་དུས་ནི་བུད་མེད་ཅིག་གི་མི་ཚེ་གང་བོར་སྐྱེ་འཕེལ་གྱི་གསང་རྒྱུད་ཟགས་གཤེར་ལ་འགྱུར་ལྡོག་ཆེན་པོ་འབྱུང་བའི་དུས་གཉིས་ཡིན། ལང་ཚོ་དར་ལ་འབབ་སྐབས་ཁམས་དམར་འབྱུང་གནས་ཀྱི་འགུལ་སྐྱོད་ཇེ་དྲག་ཏུ་འགྲོ་བ་དང་། དེའི་རྗེས་ནས་བུད་མེད་རྣམས་རིམ་བཞིན་ལང་ཚོ་སྨིན་པ་དང་སྐྱེ་འཕེལ་རྒྱས་པའི་དུས་སུ་སླེབས་པ་རེད། ཟླ་མཚན་ཆད་པ་ནི་ཁམས་དམར་འབྱུང་གནས་ཀྱི་ནུས་པ་ཇེ་ཞན་དུ་སོང་སྟེ་སྐྱེ་འཕེལ་ནུས་པ་མཚམས་ཆད་པར་བསྟན་པ་རེད། ཁམས་དམར་འབྱུང་གནས་ཀྱི་ནུས་ཇེ་ཞན་དུ་འགྲོ་བ་ནི་རིམ་པ་བཞིན་བརྒྱུད་པའི་གོ་རིམ་ཞིག་ཡིན་ལ། དུས་ཡུན་རིང་པོའི་ནང་མི་རྣམས་ཀྱིས“རྒས་རྟགས་མངོན་པའི་དུས”ཞེས་ཟེར་བཞིན་ཡོད། ཟླ་མཚན་ཆད་པ་ནི་བུད་མེད་ཅིག་གི་མི་ཚེ་གང་བོར་ངེས་པར་དུ་བརྒྱུད་དགོས་པའི་ལུས་ཁམས་ཀྱི་བརྒྱུད་རིམ་ཞིག་ཡིན་ལ། དེ་ནི་དབྱར་དགུན་སྟོན་དཔྱིད་གང་ཞིག་ངེས་པར་དུ་བརྒྱུད་དགོས་པ་ནང་བཞིན་ཡིན། སྐབས་འདིར་བུད་མེད་ཀྱི་ཁམས་དམར་འབྱུང་གནས་ཀྱི་ནུས་པ་ཇེ་ཞན་དུ་འགྲོ་བ་དང་། མོ་གཤིས་སྐྱལ་རྩིའི་ཚད་ཇེ་དམའ་རུ་འགྲོ་བ། མོ་གཤིས་སྐུལ་རྩིས་ཀླད་ཞབས་འཕྱང་གཟུགས་ལ་ཕྱིར་ལྡོག་གམ་ཚོད་འཛིན་བྱེད་པའི་ནུས་པ་ཇེ་ཞན་དུ་འགྲོ་བ། ཨོལ་གོང་གཤེར་རྨེན་གྱི་སྐུལ་རྩི་དང་མཁལ་མའི་སྟེང་གི་གཤེར་རྨེན་གྱི་སྐྱི་མོའི་སྐུལ་རྩིའི་ཟགས་ཐོན་ཇེ་མང་དུ་སོང་སྟེ། ལུས་ཁམས་ཀྱི་ནུས་པ་ཇེ་ཞན་དུ་འགྲོ་བ་རེད། ཨོལ་གོང་གཤེར་རྨེན་དང་མཁལ་མའི་སྟེང་གི་གཤེར་རྨེན་གྱི་སྐྱི་མོའི་ནུས་པ་གཟུགས་པོའི་ནུས་ཚད་ལས་བརྒལ་བའི་རྟགས་འབྱུང་བ་དང་། དེའི་ཁར་མི་དར་མའི་དུས་སུ་བྱ་བའི་ལས་གནས་སྟེང་འགན་ལྗིད་མོ་ཁུར་དགོས་པ་དང་བྱ་བར་བྲེལ་བ་ཆེ་ལ། ཁྱིམ་ཚང་ནང་དུའང་ཆུང་མ་བཟང་མོ་དང་ཨ་མ་བཟང་མོ་བྱེད་དགོས་པས། ངལ་བ་དང་འཁང་ར་སྣ་ཚོགས་བཟོད་བསྲན་བྱེད་དགོས། དེ་ལྟར་དུས་ཡུན་རིང་པོར་བྱ་བའི་ཁུར་བོ་ལྗིད་མོས་མནན་ན། བུད་མེད་ཀྱི་དབང་རྩ་དང་གསང་རྒྱུད་ཟགས་གཤེར། རིམས་འགོག་མ་ལག་གི་སྙོམ་སྒྲིག་ནུས་པ་ཉམས་ནས་ནད་རིགས་གཞན་པ་འབྱུང་སྲིད། དེ་བས་ཟླ་མཚན་ཆད་པའི་དུས་ཀྱི་བུད་མེད་ཀྱིས་ནན་ཏན་གྱིས་རང་ཉིད་བདེ་སྲུང་བྱེད་པ་ནི་འཚོ་བའི་སྤུས་ཚད་དང་ཚེ་སྲོག་གི་སྤུས་ཚད་ཇེ་མཐོར་གཏོང་བར་ཧ་ཅང་གལ་ཆེ།

གཅིག རང་ཉིད་ཀྱི་སེམས་ཁམས་བདེ་སྲུང་བྱེད་དགོས།

ཟླ་མཚན་ཆད་པའི་དུས་སྐབས་ཀྱི་བུད་མེད་ནི་དུས་ཡུན་རིང་བོར་འཚོ་བ་དང་བྱ་བའི་དཀའ་སྡུག་གང་མང་བརྒྱུད་ནས་ཡོང་བ་ཡིན་པས།  བྱ་དངོས་ལ་ལྟ་ཞིབ་དང་ཐག་གཅོད་བྱེད་པའི་ཉམས་མྱོང་མང་པོ་བསགས་ཡོད། དེ་བས་རྒྱུན་པར་རང་ཉིད་ཀྱི་ལྟ་བ་དང་བསམ་ཚུལ་མང་པོ་མཁྲེགས་འཛིན་བྱེད་རྒྱུར་དགའ་ན་གཞན་གྱིས་དང་ལེན་བྱེད་མི་ཐུབ་པའི་གནས་ཚུལ་ཡང་འབྱུང་སྲིད་པ་དང་། རང་ཉིད་ལ་སུན་སྣང་སྐྱེ་བ། ཁོང་ཁྲོ་ལངས་པ་དང་སྤྲོ་ཐུང་བ། སྐྱོ་སྣང་སྐྱེ་བ། སེམས་ཁྲལ་ཆེ་བ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད། དེ་བས་སེམས་ཁམས་བཟང་བོ་རྒྱུན་འཁྱོངས་བྱེད་པ་དང་རང་ཉིད་ལ་ངོས་འཛིན་ཡང་དག་བྱེད་པ། གཞན་ལ་ཐལ་དྲགས་པའི་བླང་བྱ་ནན་མོ་མི་འདོན་པ་བཅས་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་ཡིན། དོན་དག་ལ་འཕྲད་ན་གཞན་ལ་གྲོས་བྱེད་པ་དང་འདས་ཟིན་པའི་འོད་སྟོང་འབར་བའི་ལོ་རྒྱུས་དང་བྱས་རྗེས་དེ་འདྲ་ངོམ་ངོམ་མི་བྱེད་པར། སེམས་མི་བདེ་བའི་དོན་དག་དང་འཕྲད་པའམ་གནད་དོན་ཞིག་ལ་འདང་མི་ཕོག་པའི་སྐབས་སུ་སེམས་ལ་བཟུང་ནས་མི་འདུག་པར་བསམ་བློ་གཏོང་སྟངས་བསྒྱུར་དགོས། དཔེར་ན། འཆམ་འཆམ་དུ་འགྲོ་བ། བརྙན་འཕྲིན་དང་གློག་བརྙན་ལ་བལྟ་བ། དཔེ་ཆར་བལྟ་བ་བཅས་བྱས་ན་གནད་དོན་ཐག་གཅོད་པའི་བྱེད་ཐབས་རྙེད་ཀྱང་སྲིད་ལ། མི་གཞན་པར་བྱ་བ་དང་སློབ་སྦྱོང་། འཚོ་བའི་ཁྲོད་འཕྲད་པའི་གནད་དོན་གྲོས་བསྡུར་དང་བློ་འདྲི་བྱས་ནས་རང་ཉིད་ཀྱི་བློ་སྒོ་འབྱེད་པ་དང་། སྙིང་རླུང་སྟོད་ལ་འཚངས་པ་དང་འཚིག་པ་ཟ་བ། སེམས་འཚབ་པ། གཉིད་མི་ཁུག་པ་བཅས་ཀྱི་སྐབས་སུ། མི་མེད་སར་སོང་ནས་སྐད་གསེང་མཐོན་པོས་ཀི་འདེབས་པ་དང་གླུ་དབྱངས་ལེན་པ། དཔེ་ཆ་འདོན་པ་བཅས་བྱས་ཏེ་སེམས་ཁམས་བདེ་བར་འབབ་ཏུ་འཇུག་དགོས།

གཉིས། རང་གིས་རང་ལ་རྒྱུན་པར་བརྟག་ཤེས་དགོས།

དུས་རབས་ཉེར་གཅིག་པའི་བདེ་ཐང་གི་མིའི་ཚད་གཞིའི་ནང་དུ་ཚེ་སྲོག་གི་རྒྱུ་སྤུས་དང་འཚོ་བའི་སྤུས་ཚད་འདུས་ཡོད། བུད་མེད་བློ་མཐུན་རྣམས་ཀྱིས་དུས་རྒྱུན་གྱི་བྱ་བ་དང་འཚོ་བའི་ཁྲོད་ངེས་པར་དུ་བདེ་ཐང་གི་ཚད་གཞི་དང་རྒྱུན་མཐོང་ནད་ཀྱི་དུས་སྔོན་མའི་ནད་རྟགས་ཁོང་དུ་ཆུད་པར་བྱས་ཏེ། རང་ཉིདད་ཀྱི་བརྟག་དཔྱད་་ནུས་པ་ཇེ་མཐོར་གཏོང་དགོས་པ་ད་ང། དུས་བཅད་ལྟར་རང་ཉིད་ལ་བརྟག་དཔྱད་དང་ཟིན་ཐོར་བཀོད་ན་ད་གཟོད་དུས་ཐོག་ཏུ་རང་ཉིད་བདེ་ཐང་ཡིན་མིན་དང་རྒྱུན་མཐོང་ནད་ཀྱི་དུས་སྔོན་མའི་ནད་རྟགས་ཡིན་མིན་ཤེས་ཐུབ་པས། སྔ་མོ་ནས་གསོ་བཅོས་བྱས་ཏེ་བདེ་ཐང་སྲུང་སྐྱོབ་བྱེད་དགོས།

1.བདེ་ཐང་ཡིན་མིན་རང་གིས་རང་ལ་ཞིབ་བསྡུར་གཏན་འབེབས་བྱེད་པ།

བརྟག་དཔྱད་ཀྱི་ནང་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བྱེ་བྲག་ཏུ་བཏོན་པའི་བདེ་ཐང་གི་མི་ཡིན་མིན་ཚད་འཇལ་བའི་ཚད་གཞི་འདུས་ཏེ། མགྱོགས་པ་ལྔ་དང་བཟང་བ་གསུམ་བཅས་འདུས། དེའི་ནང་གི་མགྱོགས་པ་ལྔ་ནི། ཟོས་ན་མགྱོགས་པ། གཉིད་སླ་བ། བཤད་ན་མགྱོགས་པ། སོང་ན་མགྱོགས་པ། སྒོར་བུད་ན་མགྱོགས་པ་བཅས་རེད། བཟང་བ་གསུམ་ནི། རང་གཤིས་བཟང་བ། བྱ་བ་སྒྲུབ་པའི་ནུས་པ་བཟང་བ། མི་དང་མིའི་བར་གྱི་འབྲེལ་བ་བཟང་བ་བཅས་རེད།

2.མངལ་ལམ་དུ་རྒྱུན་ལྡན་མིན་པར་ཁྲག་བཞུར་བ།

ཟླ་མཚན་ཆད་རྗེས་མོ་གཤིས་སྐུལ་རྩིའི་ཆུ་ཚད་ཇེ་དམའ་རུ་སོང་བ་དང་མ་འདང་བའི་རྐྱེན་གྱིས་བུ་སྣོད་ནང་སྐྱིའི་དུས་འཁོར་རང་བཞིན་འཆོལ་བ་རེད། མངལ་ལམ་དུ་ཁྲག་བཞུར་བའི་སྐབས་སུ་མང་ཉུང་དང་དུས་ཡུན་རིང་ཐུང་ལ་མི་བལྟ་བར་མྱུར་དུ་སྨན་ཁང་དུ་སོང་སྟེ་མོ་ནད་ཚན་ཁག་ནས་ཞིབ་བཤེར་བྱས་ཏེ། རེད་པའི་རང་བཞིན་གྱི་མངལ་ལམ་གཉན་ཚད་དང་བུ་སྣོད་ཁའི་འབྲས་སྐྲན་དང་། བུ་སྣོད་ནང་སྐྱིའི་འབྲས་སྐྲན། ཁམས་དམར་འབྱུང་གནས་ཀྱི་འབྲས་སྐྲན། ཁམས་དམར་འདྲེན་སྦུག་གི་འབྲས་སྐྲན་སོགས་ཡིན་མིན་བརྟག་དཔྱད་བྱེད་དགོས།

3.གྲང་དཀར་རྒྱུན་ལྡན་མིན་པ།

ཟླ་མཚན་ཆད་རྗེས་ཁམས་དམར་འབྱུང་གནས་ཀྱི་ནུས་པ་ཉམས་པ་དང་སྐུལ་རྩིའི་ཆུ་ཚད་ཇེ་དམའ་རུ་སོང་སྟེ། གསང་རྒྱུད་ཟགས་གཤེར་ཇེ་ཉུང་དུ་མངལ་ལམ་སྐམ་པོར་འགྱུར་སྲིད། མངལ་ལམ་གྱི་གསང་རྒྱུད་ཟགས་གཤེར་ཇེ་མང་དུ་འགྲོ་བའི་སྐབས་སུ་མཉམ་འཇོག་བྱེད་དགོས་ཏེ། ཁྲག་གི་རང་བཞིན་གྱི་གསང་རྒྱུད་ཟགས་བཤེར་དེ་བུ་སྣོད་ཁའི་འབྲས་སྐྲན་དང་བུ་སྣོད་ནང་སྐྱིའི་ནད་བབ་འགྱུར་བ། བུ་སྣོད་ཀྱི་ཤ་སྐྲན་འགྱུར་བ་བཅས་ཡིན་མིན་གསལ་བོར་ཤེས་དགོས།

4.ན་ཟུག་སྐྱེ་བ།

གསུས་ཆུང་ནང་ཡང་དང་བསྐྱར་དུ་ན་ཟུག་ལངས་པའི་སྐབས་སུ་ན་ཟུག་ལངས་པའི་རང་བཞིན་དང་ན་ཟུག་གི་ཚད། འབྱུང་རྐྱེན་སོགས་ལ་བརྟག་དགོས། དཔེར་ན། ཐང་ཆད་པ་དང་སེམས་འཚུབ་པ་སོགས་ལྟ་བུ། མཚང་ཁོག་གི་གཉན་ཚད་གློ་བུར་དུ་རྒྱས་པའི་སྐབས་སུ་གསུས་ཁོག་ཡོངས་སུ་ན་ཟུག་ལངས་པ་དང་ཚ་རྒྱས་པ་དང་། ཁམས་དམར་འབྱུང་གནས་ཀྱི་སྐྲན་ནད་འགྱུར་བའི་སྐབས་སུ་གློ་བུར་དུ་ན་ཟུག་ལངས་པ་དང་སྐྱུག་རྒྱུ་ཡོང་བ། སྐྱུག་པ། གསུས་ཆུང་ནང་དུ་ན་ཟུག་ལངས་པ། གཟེར་ཇེ་ཆེ་ཡིན་པ། ཚ་རྒྱས་པ་བཅས་དང་། ཁམས་དམར་འབྱུང་གནས་ཀྱི་སྐྲན་ནད་ཐོར་བའི་སྐབས་སུ་གསུས་ཆུང་གི་ན་ཟུག་གློ་བུར་དུ་འཇོག་པ་ཡིན།

5.གསུས་ཆུང་ནང་གི་སྐྲང་འབུར། བུད་མེད་ཀྱི་མཚང་རའི་ནང་གི་གཅིན་ལྒང་གི་རྗེས་ན་གཞང་དཀར་ནག་གཉིས་ཡོད་ལ། བར་དུ་བུད་མེད་ཀྱི་སྐྱེ་འཕེལ་དབང་བོ་ཡོད། མཚང་རའི་ནང་གི་སྐྲང་འབུར་དེ་ཅུང་གཏིང་ཟབ་སར་ཡོད་པས་ཤེས་དཀའ། སྐྲང་འབུར་མང་ཆེ་ཤོས་ཤིག་མོ་ནད་ཚན་ཁག་གི་སྨན་པས་ཞིབ་བཤེར་བྱེད་པའི་དུས་སུ་ཤེས་ཐུབ་པ་དང་། ཉུང་ཤས་ཤིག་ནད་པའམ་ཁྱིམ་མིས་གློ་བུར་དུ་ཤེས་པ་ཞིག་ཡིན། དུས་བཅད་ལྟར་གསུས་ཆུང་ནང་ལག་པས་མྱང་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། སྔ་མོ་ཡར་ལངས་ནས་སྤྱོད་ཁང་དུ་བུད་རྗེས་མལ་ཁྲིའི་སྟེང་ལོག་སྟེ། ལག་པ་གཉིས་ཀྱིས་ལྟེ་བ་ནས་མདོ་མོ་རུས་ཀྱི་མཚམས་སུ་ལག་པས་རེག་ན་ཤེས་ཐུབ། ཡིན་ནའང་རང་གིས་རང་ལ་ཞིབ་ཤེར་བྱེད་སྐབས་གསུས་ཆུང་གི་གཡོན་ཞབས་སུ་གཉེར་མ་ཡོད་པར་མཉམ་འཇོག་དགོས།  དོགས་པ་འདྲ་ཡོད་ཚེ་དུས་ཐོག་ཏུ་སྨན་ཁང་དུ་སོང་སྟེ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་དགོས།

གསུམ། བདེ་ཐང་གི་འཚོ་བ་རོལ་སྟངས་ཤིག་ཆགས་དགོས།

བདེ་ཐང་གི་འཚོ་བ་རོལ་སྟངས་ཀྱི་ནང་དུ་འགྲོ་འདུག་སྤྱོད་གསུམ་འདུས་པ་ཡིན། ལུགས་མཐུན་ངང་བཀོད་སྒྲིག་བྱས་ནས་འཚོ་བར་གོ་རིམ་ཡོད་ཅིང་སྤྲོ་སྣང་ལྡན་པ་ཞིག་ཡིན་དགོས། མཚན་མོ་དུས་ཚོད་བརྒྱད་རིང་ལ་གཉིད་པ་ཁག་ཐེག་བྱེད་དགོས་པ་དང་། དུས་ཡུན་རིང་བོར་མལ་ཁྲིའི་སྟེང་ལོག་ནས་མི་འདུག་པར། འཚོ་བའི་གོམས་སྲོལ་བཟང་པོ་ཞིག་ཆགས་རྒྱུ་དེའང་ཟླ་མཚན་ཆད་པའི་དུས་སྐབས་ཀྱི་བུད་མེད་བདེ་ཐང་ཡོང་བའི་ཕྱོགས་གཙོ་བོ་ཞིག་ཡིན།

1.ཚན་རིག་དང་མཐུན་པའི་སྒོ་ནས་ཟས་ཟ་བ།

ཟླ་མཚན་ཆད་པའི་དུས་སྐབས་ཀྱི་བུད་མེད་ཀྱིས་བཟའ་བཏུང་ཐད་ནས་གང་དག་ལ་མཉམ་འཇོག་དགོས་ཤེ་ན། སྤྱིར་བཤད་ན་ཟླ་མཚན་ཆད་པའི་དུས་སྐབས་ཀྱི་བུད་མེད་ཀྱི་ལུས་སྟེང་གི་སྐུལ་རྩི་ཆ་སྙོམས་མིན་པས། གནས་སྐབས་སུ་བུད་མེད་ཀྱི་ཕོ་རྒྱུའི་ནུས་པ་འཁྲུག་སྲིད། དཔེར་ན། ཕོ་བ་སྐྱུར་བ་དང་ཕོ་ཆུ་ཇེ་ཉུང་དུ་འགྲོ་བ། རྒྱུན་པར་འཇུ་སྟོབས་མི་ལེགས་པ་སོགས་ཀྱི་སྣང་ཚུལ་ཡོད་པ་དང་། ཁོག་པ་སྦོས་པ་དང་རྩ་འགག་པ་སོགས་ཀྱི་སྣང་ཚུལ་ཡང་འབྱུང་། དེ་བས་འཇུ་སླ་བ་དང་འཚོ་བཅུད་ལྡན་པའི་ཟས་ཟོས་ན་བཟང་། ཉིན་རེའི་ཇ་ཐུན་གསུམ་ཀ་དུས་ལྟར་འཐུང་བ་དང་། དུས་མཚུངས་སུ་ཟ་ཚད་གཏན་འཁེལ་བྱེད་དགོས། ལུས་ཚོན་པོ་ཅན་གྱི་བུད་མེད་དང་། གཅིན་སྙི་ཟ་ཁུའི་ནད་ཡོད་པར་དོགས་པའི་བུད་མེད་ཀྱིས་བཟའ་བཏུང་གི་ཚད་འོས་འཚམ་གྱིས་ཇེ་ཉུང་དུ་བཏང་ན། ལུས་ཀྱི་ཚོ་བྱང་ཐུབ་པར་མ་ཟད་གཅིན་སྙི་ཟ་ཁུའི་ནད་ཀྱང་སྔོན་འགོག་བྱེད་ཐུབ། མང་བཟའ་མང་འཐུང་བྱས་ནས་ཕོ་བ་རྒྱགས་དྲགས་པ་ཞིག་བྱེད་མི་རུང་ལ། རྒྱགས་དྲགས་པ་ཞིག་ཟོས་ན་ཕོ་རྒྱུའི་ནུས་པ་འཁྲུགས་པར་མ་ཟད་ཐ་ན་ནད་རིགས་གཞན་པ་སློང་ཡང་སྲིད། ཚྭ་ཧ་ཅང་ཁ་བོ་དང་ཧ་ཅང་ཁོལ་མའི་ཟས་མི་ཟ་བ་དང་། ཆང་བཙན་པོ་མ་འཐུང་ན་བཟང་། ཇ་ཁ་བོ་དང་ཁོ་ཧྥེའི་རིགས་ཉུང་ཙམ་འཐུང་བ་དང་། དེ་མིན་ངར་སྐྱེད་བྱེད་ཀྱི་ཟས་མ་ཟོས་ན་བཟང་། ཟས་ཟ་བའི་དུས་སྐབས་ཀྱི་སེམས་ཁམས་དེ་ཟས་འཇུ་བ་དང་བསྡུ་ལེན་བྱེད་པར་ཤུགས་རྐྱེན་ཆེན་པོ་ཡོད་པས། ཟས་ཟ་བའི་དུས་སུ་སེམས་ཁམས་མི་ལེགས་པ་དང་ཁོང་ཁྲོ་ལངས་ན་ཟ་མ་ཇི་འདྲ་བཟང་ནའང་ཟླ་མཚན་ཆད་པའི་བུད་མེད་ལ་མི་ཕན་པ་རེད།

2.རྒྱུན་ལྡན་གྱི་འཚོ་བའི་ཆོས་ཉིད།

མི་རྣམས་ཀྱི་འཚོ་བའི་ཆོས་ཉིད་དང་རང་བྱུང་ཁམས་ཆེན་པོའི་བར་ཕན་ཚུན་མཐུན་སྦྱོར་བྱེད་པའི་འབྲེལ་བ་ཡོད་པས། མཐུན་སྦྱོར་བྱས་པ་མི་འགྲིག་པའི་སྐབས་སུ་སྐྱེ་ལྡན་ཕུང་བོའི་རིམས་འགོག་ནུས་པར་ཤུགས་རྐྱེན་ཐེབས་སྲིད། དེ་བས་ཟླ་མཚན་ཆད་པའི་དུས་སྐབས་ཀྱི་བུད་མེད་ཀྱི་འཚོ་བར་ཆོས་ཉིད་ངེས་ཅན་ཞིག་ཡོད་དགོས། མལ་ལས་ལངས་པའི་དུས་ཚོད་ཆེས་བཟང་བ་ཞོགས་པའི་དུས་ཚོད་ལྔ་ནས་དྲུག་བར་དང་། གཉིད་པའི་དུས་ཚོད་ཆེས་བཟང་བ་དགོང་མོའི་དུས་ཚོད་ཉི་ཤུ་ནས་ཉེར་གཅིག་བར་དེར་ངེས་པར་མལ་དུ་ཉལ་ནས་གཉིད་ན་བཟང་། དགུན་དུས་ཞོགས་པར་སྦྱོང་བརྡར་བྱེད་སྐབས་ལྭ་བ་དྲོན་པོ་གྱོན་པར་མཉམ་འཇོག་བྱས་ནས་ནད་རིགས་སྔོན་འགོག་དང་བདེ་སྲུང་བྱེད་རྒྱུ་ཧ་ཅང་གལ་ཆེ།

3.ཕན་ཚུན་ལ་བསམ་ཤེས་དང་སེམས་ཁུར་བྱེད་དགོས། ཟླ་མཚན་ཆད་པའི་དུས་སྐབས་ཀྱི་བུད་མེད་ཀྱི་རང་ཉིད་བདེ་སྲུང་བྱེད་པའི་ནང་དུ་ད་དུང་སྤྱི་ཚོགས་དང་ཁྱིམ་ཚང་གི་ཕྱོགས་སོ་སོའི་སེམས་ཁུར་དང་རོགས་རམ། བསམ་ཤེས་བྱེད་རྒྱུ་བཅས་འདུས་ལ། ཐོག་མར་ཁྱིམ་ཚང་ནང་ཕན་ཚུན་འགྲིག་མཐུན་དང་བཟའ་མིའི་བར་ཕན་ཚུན་རོགས་རམ་དང་ཕན་ཚུན་བརྩེ་བ། སྐྱེས་པས་ཆུང་མའི་ལུས་སེམས་གཉིས་ཀའི་བདེ་ཐང་ལ་ཤེས་རྟོགས་བྱེད་པ་དང་གཅེས་སྐྱོང་བྱེད་ཤེས་དགོས། གཉིས་ནས་མཐའ་འཁོར་གྱི་ལས་གྲོགས་རྣམས་ཀྱིས་ཟླ་མཚན་ཆད་པའི་དུས་སྐབས་ཀྱི་བུད་མེད་ཀྱི་སེམས་རྟོགས་པ་དང་སེམས་ཁུར་བྱེད་དགོས་ལ། ཟླ་མཚན་ཆད་པའི་དུས་སྐབས་ཀྱི་བུད་མེད་ཀྱིས་ཀྱང་རང་གིས་རང་ལ་ཚོད་འཛིན་བྱས་ཏེ། བྱ་བ་ཚང་མ་རང་གི་བསམ་ཚུལ་ལྟར་བསྒྲུབ་དགོས་པའི་རེ་བ་མི་འདོན་པ་དང་། བུ་བུ་མོ་དང་བཟའ་ཟླ། མཐའ་འཁོར་གྱི་ལས་གྲོགས་རྣམས་ཀྱི་ཁེ་ཕན་དང་རང་བཀུར་གྱི་བསམ་པར་བརྩི་འཇོག་བྱེད་དགོས།

4.དུས་བཅད་ལྟར་ལུས་ཡོངས་ལ་ཞིབ་བཤེར་བྱེད་དགོས།

ལོ་ཚོད་ཇེ་ཆེར་སོང་བ་དང་བསྟུན་ནས་འབྲས་སྐྲན་དང་ནད་རིགས་སྣ་ཚོགས་འབྱུང་ཚད་ཀྱང་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། དེ་བས་ཟླ་མཚན་ཆད་པའི་དུས་སྐབས་ཀྱི་བུད་མེད་ཀྱིས་ལོ་རེར་ལུས་པོར་ཡོངས་ཁྱབ་ཏུ་ཞིབ་བཤེར་ཐེངས་རེ་བྱེད་དགོས་པ་དང་། གལ་ཏེ་རྒྱུན་ལྡན་མིན་ན་དུས་བཅད་ལྟར་སྨན་པར་བསྟན་ནས་སྨན་བཅོས་བྱེད་དགོས། །

ཡིག་སྒྱུར་བ། འབྲུག་མོ།