ཁོང་ཡུང་གིས་མཚོ་བྱང་ཁུལ་གྱི་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་གནང་།
2022.03.16 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 10

ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁུང་ཡུང་སྔ་རྗེས་སུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་མེ་འཁོར་འབབ་ཚུགས་དང་། མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པ། མིན་ཡོན་རྫོང་རིམས་ནད་འགོག་སྡོམ་དངོས་ཟོག་མཛོད་ཉར་ཁང་། མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པ་བཅས་སུ་སོང་ནས་གཙོ་གནད་ཁུལ་དང་གཙོ་གནད་ཁྱབ་ཁོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་དང་མཛུབ་ཁྲིད་གནང་། ཉིན་དེའི་ཕྱི་དྲོར། མིན་ཡོན་རྫོང་དུ་ཆེད་དོན་ཚོགས་འདུ་འཚོགས་ནས་མཚོ་བྱང་ཁུལ་གྱི་རིམས་ནད་འགོག་སྡོམ་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉན་པ་དང་། རྗེས་ཕྱོགས་ཀྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས།

ཁོང་ཡུང་གིས་བསྟན་དོན། ཉེ་ལམ་རང་རྒྱལ་དུ་རིམས་ནད་ཡང་ཡང་འབྱུང་བཞིན་ཡོད་པས་གནས་ཚུལ་རྙོག་འཛིང་ཆེ་ལ་ཛ་དྲག་རེད། མཚོ་བྱང་ནི་མཚོ་སྔོན་གྱི་བྱང་སྒོ་ཆེན་མོ་ཡིན་པའི་ངོས་ནས་བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་དང་དམ་འཛིན་ནན་མོ་བྱས་ཏེ། འགོག་སྡོམ་གྱི་འགན་འཁྲི་ཇེ་དམ་དུ་བཏང་ནས་ལྷོད་གཡེང་གི་བསམ་བློ་དང་། དམག་འཐབ་ལ་སུན་པའི་བསམ་ཚུལ། སྟེས་དབང་གི་བསམ་བློ་བཅས་མཐའ་གཅིག་ཏུ་ཁྱད་དུ་བསད་ནས། མཐར་རིམས་ནད་འགོག་སྡོམ་གྱི་བྱ་བར་ཐོག་མཐའ་བར་གསུམ་དུ་དམ་འཛིན་བཟང་པོ་བྱེད་དགོས་ཞེས་བཤད།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། འགུལ་སྐྱོད་ཀྱི་དོན་འཁྱོལ་ལ་དམ་འཛིན་བཟང་པོ་བྱས་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རིམས་ནད་འགོག་སྡོམ་གྱི་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་དུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་མོ་བྱས་ནས་སློབ་གྲྭ་དང་སྨན་ཁང་། སྡེ་ཁུལ་སོགས་གཙོ་གནད་ཁུལ་དང་གཙོ་གནད་མི་ཚོགས་ལ་དམ་པོར་དམིགས་པ་དང་། “ཕྱོགས་བཞིའི་འགན་འཁྲི”ཇེ་དམ་དུ་བཏང་ནས་མཉམ་དུ་འགོག་བཅོས་དང་ཚོད་འཛིན་ནན་མོ་བྱེད་དགོས། མགྱོགས་མྱུར་ངང་འཕྲལ་བསྟུན་ཐག་གཅོད་བཟང་པོ་བྱས་ཏེ་འདྲ་མཉམ་དང་ཛ་དྲག་ཆེ་བའི་བྱ་བ་ཡག་པོར་སྒྲུབ་པ་དང་འཁོར་རྒྱུག་བརྟག་དཔྱད་ཚད་ལེན་བརྒྱུད་རིམ་གྱི་ཚད་གཞི་ཚད་ལྡན་དུ་བཏང་ནས། གཞུང་ཁུངས་རྩད་གཅོད་དང་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་མྱུར་ཚད་དང་ཞིབ་ཚད་ནན་ཏན་གྱིས་མཐོ་རུ་གཏོང་དགོས། ཁྱོན་ཡོངས་ནས་སྤྱི་ཚོགས་དོ་དམ་ཚོད་འཛིན་ལ་དམ་འཛིན་ནན་མོ་བྱས་ཏེ་མི་སྣ་གྲལ་བཤེར་དང་རིམས་འགོག་སྨན་ཁབ་རྒྱག་པ་སོགས་ཀྱི་བྱ་བ་རྣམས་ལེགས་པོར་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།  །

རྩོམ་སྒྲིག་པ། འབྲུག་མོ།