མཚོ་སྔོན་གྱིས་སྨན་བཅོས་འགན་སྲུང་གི་སྨན་རིན་སྤྲོད་སྟངས་གསར་བ་ལག་བསྟར་བྱེད་མགོ་བརྩམས།
2022.03.16 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 17

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ཐོབ་པར་འགན་སྲུང་བྱེད་པ་དང་། སྨན་བཅོས་འགན་སྲུང་ཐེབས་རྩ་བེད་སྤྱོད་བྱེད་པའི་ལས་ཆོད་ཆེ་རུ་བཏང་སྟེ། སྨན་བཅོས་སྡེ་ཁག་ཐད་ཞིབ་ཚགས་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་གི་ནད་རིགས་ལྟར་སྨན་རིན་སྤྲོད་པའི་བཅོས་སྒྱུར་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་ལེན་བྱེད་མགོ་བརྩམས།

ཤེས་གསལ་བྱུང་བ་ལྟར་ན། ནད་རིགས་ལྟར་སྨན་རིན་སྤྲོད་སྟངས་ནི་ས་ཁོངས་ཀྱི་སྨན་བཅོས་འགན་སྲུང་བསྡོམས་གྲངས་སྔོན་རྩིས་དོ་དམ་གྱི་སྔོན་འགྲོའི་ཆ་རྐྱེན་འོག  གསར་དུ་བཏོན་པའི་སྨན་བཅོས་འགན་སྲུང་གི་སྨན་རིན་སྤྲོད་སྟངས་གསར་པ་ཞིག་རེད། སྲོལ་རྒྱུན་གྱི་སྨན་རིན་སྤྲོད་སྟངས་དང་བསྡུར་ན། ནད་རིགས་ལྟར་སྨན་རིན་སྤྲོད་པའི་བཅོས་སྒྱུར་བྱས་པའི་སྨན་རིན་སྤྲོད་སྟངས་དེ་བས་ཚན་རིག་དང་མཐུན་པ་དང་། ལུགས་དང་མཐུན་པ། སྨན་བཅོས་སྡེ་ཁག་གི་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་སྔར་ལས་ཚད་ལྡན་དུ་འགྲོ་བཞིན་ཡོད་པར་མཚོན་ཡོད།

ནད་པའི་ངོས་ཐད་ནས་བཤད་ན་ཡང། ནན་ཏན་གྱིས་སྨན་བཅོས་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་སྨན་པའི་ནད་ལྟ་ཡུལ་དང་། སྨན་བཅོས་ཞབས་ཞུ། སྨན་རྫས་བཅས་ནད་གསོ་བའི་ནུས་པ་དངོས་ནས་མངོན་འགྱུར་ཡོང་བར་བྱས་ཏེ། བརྟག་དཔྱད་གང་འདོད་དུ་བྱེད་པ་དང་། སྨན་གང་འདོད་དུ་གཏོང་བ། སྨན་བཅོས་ཚད་ལས་བརྒལ་བ་བྱེད་པ་སོགས་ཀྱི་སྣང་ཚུལ་ཕན་འབྲས་ཡོད་པའི་སྒོ་ནས་གཏན་འགོག་བྱས་ནས། མང་ཚོགས་ཀྱི“སྲོག་སྐྱོབ་ཀྱི་མ་དངུལ”སྔར་ལས་གྲོན་ཆུང་བྱེད་ཐུབ་པ་དང་། སྔར་ལས་ལྷག་པར་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཇེ་ཡང་དུ་བཏང་སྟེ། ནད་པའི་སྔར་ལས་ལེགས་པོའི་སྨན་བཅོས་ཞབས་ཞུ་མྱོང་ཐུབ་པ་རེད།།

རྩོམ་སྒྲིག་པ། འབྲུག་མོ།