ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་གཞུང་ལས་ཁང་གིས《མཚོ་སྔོན་ཞིང་ཆེན་གྱིས་པྲོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པ་དང་ལོ་ལོན་རྒན་པར་རིམས་འགོག་སྨན་ཁབ་རྒྱག་པའི“སྐུལ་འདེད་གཉིས”ཀྱི་བྱ་སྤྱོད་ཇུས་གཞི》(གཤམ་དུ《བྱ་སྤྱོད་ཇུས་གཞི》ཞེས་བསྡུ་རྒྱུ)པར་སྐྲུན་བྱས་ནས། ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་ནས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་བར། “སྐུལ་འདེད་གཉིས”ཀྱི་བྱ་སྤྱོད་བརྒྱུད། པྲོག་གསར་ནད་དུག་གི་རིམས་འགོག་སྣོན་སྨན་ཁབ་རྒྱག་ཚད་དང་ལོ་དྲུག་ཅུའི་ཡན་གྱི་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་ཚད་ནན་ཏན་གྱིས་མཐོ་རུ་གཏོང་བ་གཏན་འཁེལ་བྱས།
《བྱ་སྤྱོད་ཇུས་གཞིའི》ནང“སྐུལ་འདེད་གཉིས”ཀྱི་དམིགས་ཚད་མི་ཚོགས་ནི་བརྒྱུད་རིམ་ཧྲིལ་པོར་སྨན་ཁབ་ཐེངས་གཉིས་བརྒྱབ་ནས་ཟླ་དྲུག་འགོར་ཡང་རིམས་འགོག་སྣོན་ཁབ་བརྒྱབ་མེད་པའི་ལོ་བཅོ་བརྒྱད་ཅན་དང་དེའི་ཡན་གྱི་མི་ཚོགས་དང་པྲོག་གསར་ནད་དུག་འགོག་ཁབ་བརྒྱབ་མེད་པའི་ལོ་དྲུག་ཅུ་དང་དེའི་ཡན་གྱི་མི་ཚོགས་ཡིན་ཞེས་གསལ་བོར་བཤད་ཡོད། བྱ་སྤྱོད་དེས“ཁོངས་གཏོགས་དོ་དམ་དང་གཙོ་གནད་སྐུལ་སྤེལ། གནས་ཚུལ་ཤེས་རྟོགས་དང་ཡིད་འཐད། བདེ་འཇགས་རིམ་ལྡན”བཅས་ཀྱི་རྩ་དོན་གཞིར་བཟུང་ནས་སྐུལ་འདེད་བཏང་སྟེ། ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་བར། ཞིང་ཆེན་ཡོངས་ཀྱི་ལོ་བཅོ་བརྒྱད་དང་དེའི་ཡན་གྱི་མི་ཚོགས་ལ་རིམས་འགོག་སྣོན་ཁབ་རྒྱག་ཚད་མི་ས་ཡ་གཉིས་དང་འབུམ་གསུམ་ཁྲི་དགུ་ལྷག་ལ་སླེབས་པར་བརྩོན་ལེན་དང་། རིམས་འགོག་སྣོན་ཁབ་རྒྱག་ཚད་བརྒྱུད་རིམ་ཧྲིལ་པོའི་འགོག་ཁབ་ཐེངས་གཉིས་བརྒྱབ་ནས་ཟླ་དྲུག་འགོར་བའི་ལོ་བཅོ་བརྒྱད་ཡན་གྱི་མི་ཚོགས་ཀྱི་བརྒྱ་ཆའི་དྲུག་ཅུའི་ཡན་ཟིན་པར་བྱ་རྒྱུ། ཞིང་ཆེན་ཡོངས་ཀྱི་ལོ་དྲུག་ཅུའི་ཡན་གྱི་མི་ཚོགས་ལ་འགོག་ཁབ་དང་པོ་རྒྱག་ཚད་ཀྱི་མི་གྲངས་འབུམ་ལྔ་དང་ཁྲི་དྲུག་ཡན་ལ་སླེབས་པར་བྱས་ནས། རིམས་འགོག་སྨན་ཁབ་རྒྱག་ཚད་བརྒྱ་ཆའི་དོན་བརྒྱད་ལ་སླེབས་པར་བརྩོན་ལེན་བྱ་རྒྱུ་རེད།
“སྐུལ་འདེད་གཉིས”ཀྱི་བྱ་སྤྱོད་སྤེལ་སྐབས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ས་གནས་ཀྱི་སྲིད་ཇུས་དང་བསྟུན་ནས་ལག་བསྟར་དང་ཐབས་མང་མཉམ་སྤྱོད་ཀྱིས་སྡེ་ཁག་གི་ལས་རིགས་ཀྱི་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་། དམིགས་ཚད་མི་ཚོགས་ལ་སྐུལ་སློང་ཧུར་ཐག་བྱས་ཏེ་རང་འགུལ་ངང་པྲོག་གསར་ནད་དུག་འགོག་ཁབ་བརྒྱབ་ནས་རིམས་འགོག་སྣོན་ཁབ་རྒྱག་ཚད་དང་ལོ་དྲུག་ཅུའི་ཡན་གྱི་མི་ཚོགས་ལ་འགོག་ཁབ་རྒྱག་ཚད་ཟམ་མི་ཆད་པར་ཇེ་མཐོར་གཏོང་རྒྱུ། ས་གནས་སོ་སོའི་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། བྱ་སྤྱོད་ཀྱི་འཕེལ་རིམ་འགོར་བ་དང་ལས་དོན་སྤེལ་ཤུགས་མི་འདང་བའི་ས་ཁུལ་དང་ལས་ཁུངས་ཀྱི་འགན་འཁྲི་རྩད་གཅོད་བྱས་ནས། “སྐུལ་འདེད་གཉིས”ཀྱི་བྱ་སྤྱོད་དམིགས་ཚད་དུས་བཀག་བཞིན་མངོན་འགྱུར་ཡོང་བར་འགན་ལེན་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། འབྲུག་མོ།