མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཆེད་མཁས་པས་ལོ་ལོན་རྒན་པས་མྱུར་དུ་པྲོག་གསར་འགོག་ཁབ་རྒྱག་དགོས་པའི་དྲན་སྐུལ་བྱས།
2022.03.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 12

མིག་སྔར། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་སྔར་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ལྡན་པ་དང་། པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ནི་སྔར་བཞིན་པྲོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་མོད། འོན་ཀྱང་ལོ་ལོན་རྒན་པ་སྐོར་ཞིག་ལ་དགོས་མེད་ཀྱི་སེམས་ཁྲལ་ཆེ་བས་རིམས་འགོག་སྨན་ཁབ་རྒྱག་འདོད་མེད་པ་རེད། མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཆེད་མཁས་པས། པྲོག་གསར་རིམས་འགོག་སྨན་ཁབ་ནི་བདེ་འཇགས་དང་ཕན་ནུས་ལྡན་པ་ཞིག་ཡིན་པས། རྒན་པ་རྣམས་ཀྱིས་སེམས་བདེ་མོ་བྱས་ཏེ།སྔ་མོ་ནས་འགོག་ཁབ་རྒྱག་པ་དང་སྔ་མོ་ནས་ཕན་ནུས་ཐོན་པ་དང་། སྔ་མོ་ནས་བདེ་འཇགས་ཡོང་བར་བྱེད་དགོས་པའི་དྲན་སྐུལ་བྱེད་བཞིན་ཡོད།

གཅིག རྒན་པ་རྣམས་ལ་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་རྒྱུར་མྱུར་དུ་སྐུལ་འདེད་གཏོང་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།

ལོ་ལོན་རྒན་པའི་རིམས་འགོག་ལུས་ཤུགས་ཞན་པ་དང་ནད་རིགས་སྣ་ཚོགས་བྱུང་ཚད་མཐོ་བས། པྲོག་གསར་ནད་དུག་འགོས་རྗེས་བླ་གཉན་ནད་འབྱུང་ཚད་མང་བ་དང་ཤི་ཚད་མཐོ། ཉེ་ཆར་ཞང་ཀང་ནས་བསྒྲགས་པའི་གཞི་གྲངས་ཤིག་ལས། པྲོག་གསར་ནད་དུག་འགོས་པ་ལས་དུས་འགོར་ཤི་བའི་ནད་པའི་ཁྲོད་དུ་ལོ་ལོན་རྒན་པས་མང་ཆེ་བ་ཟིན་ཡོད་མོད། འོན་ཀྱང་དེའི་ནང་དུ་འགོག་སྨན་བརྒྱབ་ཟིན་པའི་ནད་པའི་ཤི་ཚད0.03%ལས་ཟིན་མེད་པ་དང་། འགོག་སྨན་བརྒྱབ་མེད་པའི་ནད་པའི་ཤི་ཚད0.54%ཡིན་ལ། དེ་གཉིས་ཀྱི་བར་ཁྱད་ནི་ལྡབ་བཅོ་བརྒྱད་ཙམ་ཡིན་པ་རེད།  ལོ་ལོན་རྒན་པས་རིམས་འགོག་སྨན་ཁབ་བརྒྱབ་ན། རྒན་པ་རང་ཉིད་དང་ཁྱིམ་མི། སྤྱི་ཚོགས་བཅས་ཚང་མར་དོན་སྙིང་གལ་ཆེན་ལྡན། དེ་བས་ལོ་ལོན་རྒན་པར་རིམས་འགོག་སྨན་ཁབ་རྒྱག་ཚད་ཇེ་མཐོར་གཏོང་བ་དང་དེར་ཤུགས་སྣོན་བྱས་ཚེ། གཞི་ནས་པྲོག་གསར་གློ་ཚད་ཀྱི་ནད་གཞི་ལྕི་ཚད་དང་འཆི་ཚད་ཚད་ཆེན་པོས་ཇེ་དམའ་རུ་གཏོང་ཐུབ།

གཉིས། རྒན་པ་རྣམས་རྒྱུན་པར་སྒོ་ཕྱིར་མི་འགྲོ་ནའང་པྲོག་གསར་འགོག་སྨན་རྒྱག་དགོས་པ་ཡིན་ནམ།

ལོ་ལོན་རྒན་པ་རྣམས་རྒྱུན་དུ་སྒོ་ཕྱིར་མི་འགྲོ་ནའང་ཁྱིམ་མི་གཞན་དག་ལ་སྒོ་ཕྱི་ནས་པྲོག་གསར་ནད་དུག་འགོས་ཚེ། ཁྱིམ་གྱི་རྒན་པར་འགོས་ཉེན་ཤིན་ཏུ་ཆེ་བ་རེད།  དེར་བརྟེན་ལོ་ལོན་རྒན་པ་རྣམས་རྒྱུན་པར་ཁང་བའི་སྒོ་ཕྱིར་མི་འབུད་ནའང་དུས་ཐོག་ཏུ་པྲོག་གསར་འགོག་སྨན་རྒྱག་དགོས་པ་རེད།

གསུམ། རྒན་པ་རྣམས་ཀྱིས་པྲོག་གསར་འགོག་སྨན་བརྒྱབ་ན་བདེ་འཇགས་ཡིན་ནམ།

རང་རྒྱལ་གྱིས་མིག་སྔར་བེད་སྤྱོད་བྱེད་བཞིན་པའི་པྲོག་གསར་རིམས་འགོག་སྨན་ཁབ་ཚང་མར་ལོ་ལོན་རྒན་པ་འདུས་པའི་མི་ཚོགས་ལ་ནད་ཐོག་ནས་ཚོད་ལྟ་བྱས་ཡོད་པས། དེ་ནི་བདེ་འཇགས་དང་ཕན་ལྡན་ཞིག་རེད།

བཞི། དལ་བའི་རང་བཞིན་གྱི་ནད་རིགས་ཡོད་པའི་ལོ་ལོན་རྒན་པས་པྲོག་གསར་འགོག་སྨན་བརྒྱབ་ཆོག་གམ།

གཟུགས་གཞི་བདེ་ཐང་ཡིན་པ་དང་། སྨན་གྱི་ཚོད་འཛིན་ལེགས་པོ་ཐོབ་ཡོད་པའི་དལ་བའི་རང་བཞིན་གྱི་ནད་རིགས་བྱུང་ཡོད་པའི་ལོ་ལོན་རྒན་པར་པྲོག་གསར་རིམས་འགོག་སྨན་ཁབ་བརྒྱག་ཆོག་ཅིང་གནས་ཚུལ་ཞིབ་མོ་སྨན་པར་དྲིས་ཆོག

ལྔ། ལོ་ལོན་རྒན་པ་རྣམས་གང་དུ་སོང་ནས་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་དགོས་སམ།

ས་གནས་རང་གི་ཆོག་མཆན་བཀོད་པའི་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་སར་སོང་ནས་བརྒྱབ་ཆོག

དྲུག ལོ་ལོན་རྒན་པས་པྲོག་གསར་འགོག་ཁབ་མ་བརྒྱབ་སྔོན་ལ་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད་དམ།

1.རྨང་གཞིའི་རང་བཞིན་གྱི་ནད་རྙིང་ཡོད་པའི་ལོ་ལོན་རྒན་པས་ངེས་པར་དུ་རྨང་གཞིའི་རང་བཞིན་གྱི་ནད་རྙིང་སྐོར་ཚོད་འཛིན་ལེགས་པོ་བྱས་ཡོད་པར་མ་ཟད། ནད་བབ་བརྟན་འཇགས་ཡིན་མིན་གསལ་བོར་ཤེས་དགོས། གལ་ཏེ་རང་ཉིད་ཀྱི་ནད་བབ་བརྟན་འཇགས་ཡིན་མིན་གསལ་བོར་མི་ཤེས་ན། སྔོན་ལ་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་ཆོག་ལ་ནད་ཐོག་སྨན་པར་དྲིས་ནའང་ཆོག དེ་མིན་ནད་ཐོ་འབྲི་དེབ་ཁྱེར་ནས་རིམས་འགོག་སྨན་ཁབ་རྒྱག་སར་སོང་ནས་ཡུལ་དངོས་ཀྱི་སྨན་པར་དྲིས་ནའང་ཆོག ངེས་པར་དུ་རང་ཉིད་ཀྱི་བདེ་ཐང་གནས་ཚུལ་ཇི་མ་ཇི་བཞིན་དུ་སྨན་པར་གསལ་བོར་བཤད་དགོས།

2.སྔོན་ལ་དུས་བཅད་བྱེད་པ་དང་། ཁ་ཐུམ་རྒྱག་པ། ཐོབ་ཐང་ལག་ཁྱེར་བཅས་འཛིན་དགོས།

གསུམ།  སྟབས་བདེ་ལྷོད་ཡངས་ཅན་གྱི་ལྭ་བ་གྱོན་དགོས་ལ། ལྟོ་སྟོང་དུ་འགོག་སྨན་རྒྱག་མི་རུང་།

བདུན། ལོ་ལོན་རྒན་པས་པྲོག་གསར་འགོག་ཁབ་རྒྱག་སྐབས་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད།

1.འགོག་སྨན་རྒྱག་ཏུ་འགྲོ་སྐབས་ཁ་ཐུམ་རྒྱག་དགོས་ཤིང་། འགོག་སྨན་རྒྱག་སའི་གནས་ཀྱི་མི་སྣས་བཀོད་སྒྲིག་ལྟར་བདེ་འཇགས་བགྲོད་ལམ་བརྒྱུད་ནས་འགོག་སྨན་རྒྱག་དགོས།

2.སྨན་པར་རང་འགུལ་སྒོས་རང་ཉིད་ཀྱི་བདེ་ཐང་གི་གནས་ཚུལ་དངོས་དང་། ཉེ་ཆར་འཐུང་བཞིན་པའི་སྨན་རྫས་ཀྱི་གནས་ཚུལ་བཤད་དགོས་པར་མ་ཟད། གནས་ཚུལ་ཤེས་པའི་མོས་མཐུན་ཡི་གེ་གསལ་བོར་འབྲི་དགོས།

3.ཁྱིམ་མི་དང་སྨན་ཁབ་རྒྱག་སའི་སྨན་བཅོས་མི་སྣས་ལོ་ལོན་རྒན་པའི་ལུས་པོའི་གནས་ཚུལ་ལ་ལྟ་ཞིབ་གང་ལེགས་བྱས་ནས་དུས་ཐོག་ཏུ་རྒན་པའི་ལུས་ཕུང་གི་གནས་ཚུལ་འདྲི་རྟོགས་བྱེད་དགོས།

བརྒྱད་པ། ལོ་ལོན་རྒན་པས་པྲོག་གསར་འགོག་ཁབ་བརྒྱབ་རྗེས་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད་དམ།

1.རིམས་འགོག་སྨན་ཁབ་བརྒྱབ་རྗེས་སྨན་ཁབ་རྒྱག་ཡུལ་དུ་སྐར་མ་སུམ་ཅུའི་རིང་སྡོད་དགོས་པ་དང་། ཁྱིམ་དུ་ལོག་རྗེས་དང་ལྷག་པར་དུ་ཉིན་གསུམ་རིང་ལ་རང་ཉིད་ཀྱི་ལུས་པོའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་དགོས། གལ་ཏེ་མི་བདེ་བའི་སྣང་ཚུལ་ཡོད་ཚེ་མྱུར་དུ་འགོག་སྨན་རྒྱག་ས་དང་ཡང་ན་ཉེ་འགྲམ་གྱི་སྨན་ཁང་ལ་འབྲེལ་གཏུག་བྱས་ནས་སྨན་བཅོས་བྱེད་དགོས།

2.སྨན་ཁབ་བརྒྱབ་པའི་ཉིན་དེར་སྨན་ཁབ་བརྒྱབ་ཤུལ་དུ་ཆུ་སོགས་གཏོར་མི་རུང་བར་སྐམ་པོ་ཡིན་དགོས་པ་དང་མི་སྒེར་གྱི་གཙང་སྦྲ་ལ་དོ་སྣང་བྱེད་དགོས། དེའི་རྗེས་ཀྱི་གཟའ་འཁོར་གཅིག་གི་ནང་དུ་སྨན་ལོག་འབྱུང་བའི་དངོས་པོར་མི་རེག་པ་དང་། གང་ནུས་ཀྱིས་ཆང་མི་འཐུང་བ་དང་། ཁ་ཚའི་རིགས་མི་ཟ་བ། མཚོ་ཐོན་ཟས་རིགས་མི་ཟ་བ་བཅས་བྱས་ཏེ། ཅི་ནུས་ཀྱིས་འཇུ་སླ་བའི་ཟས་རིགས་བསྟེན་པ་དང་ཆུ་མང་ཙམ་འཐུང་བ། ངལ་གསོ་མང་ཙམ་བཅས་བྱེད་དགོས།

དགུ། པྲོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་བརྒྱབ་རྗེས། རྒྱུན་མཐོང་གི་མི་ལེགས་པའི་སྣང་ཚུལ་ངན་པ་གང་དག་འབྱུང་ངམ།

འགོག་སྨན་བརྒྱབ་ཤུལ་དུ་ཟ་འཕྲུག་ལངས་པ་དང་སྐྲངས་པ། སྲ་མོར་འགྱུར་བ། དམར་པོར་འགྱུར་བ་སོགས་འབྱུང་སྲིད། དེ་མིན་ད་དུང་ལུས་ཡོངས་སུ་མི་བདེ་བའི་སྣང་ཚུལ་ལ། ངལ་དུབ་འབྱུང་བ་དང་། ཚ་རྒྱག་པ། ཤ་གྲིམ་ན་བ། མགོ་བོ་ན་བ། གློ་ལུ་བ། ཁོག་པ་བཤལ་བ། སྐྱུགས་མེར་ལངས་པ། ཟས་ལ་ཡི་ག་མེད་པ། ཚོར་ལྷག་ལོག་པ་སོགས་འབྱུང་མོད། འོན་ཀྱང་ནད་རྟགས་དེ་དག་འབྱུང་ཚད་ཧ་ཅང་དམའ།

བཅུ་བ།  པྲོག་གསར་འགོག་ཁབ་བརྒྱབ་རྗེས་ཚ་རྒྱས་ཚེ་། ཚ་སེལ་སྨན་འཐུང་ཆོག་གམ།

ཚ་བ་རྒྱས་པའི་ནད་རྟགས་འབྱུང་བ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན། གལ་ཏེ་ལུས་དྲོད་38.5℃ལས་དམའ་ན། ཚ་སེལ་སྨན་འཐུང་ཆོག སྤྱིར་བཏང་དུ་ཉིན་གཅིག་ནས་གཉིས་ཙམ་འགོར་རྗེས་ལུས་དྲོད་རྒྱུན་ལྡན་དུ་འབབ་ཐུབ། གལ་ཏེ་ལུས་དྲོད་ཏུའུ་38.5℃ལས་མཐོ་བའམ་ཚ་རྒྱས་ཡུན་ཅུང་རིང་བ། ཡང་ན་ནད་རྟགས་གཞན་པ་དང་བསྡོངས་ཚེ་མྱུར་དུ་གཏན་འཁེལ་བྱས་པའི་སྨན་བཅོས་སྡེ་ཁག་ཏུ་སོང་ནས་སྨན་པར་སྟོན་དགོས།

བཅུ་གཅིག ལོ་ལོན་རྒན་པས་པྲོག་གསར་འགོག་ཁབ་རྒྱག་པའི་སྔ་གཞུག་ཏུ་སྨན་འཐུང་མཚམས་འཇོག་དགོས་སམ།

ནད་བབ་བརྟན་འཇགས་ཡིན་པའི་ནད་པར་རིམས་འགོག་སྨན་ཁབ་རྒྱག་པའི་སྔ་གཞུག་ཏུ་སྨན་པའི་ངག་བཞིན་དུ་སྨན་འཐུང་དགོས། དེའི་ནང་དུ་ཁྲག་ཤེད་མཐོ་བའི་ནད་པ་དང་། གཅིན་པ་མངར་འགྱུར་གྱི་ནད་པ། སྙིང་ནད་ཡོད་པའི་ནད་པ་སོགས་ལ་སྤྱད་པའི་རྒྱུན་ལྡན་གྱི་སྨན་རྫས་ལྟ་བུ།  བྱེ་བྲག་ཏུ་འབྲེལ་ཡོད་སྨན་རྫས་ཀྱི་གསལ་བཤད་ཡི་གེ་དཔྱད་གཞིར་བཟུང་ཆོག

བཅུ་གཉིས། ལོ་ལོན་རྒན་པས་རིམས་འགོག་སྣོན་ཁབ་རྒྱག་དགོས་སམ།

པྲོག་གསར་འགོག་སྨན་བརྒྱབ་རྗེས། རིམས་འགོག་ནུས་པ་རིམ་གྱིས་ཇེ་ཞན་དུ་འགྱུར་ལ། རྒན་པ་རྣམས་ལ་མཚོན་ན་ལྷག་ཏུ་རིམས་འགོག་ནུས་པ་ཇེ་ཞན་དུ་འགྱུར་ཚད་མགྱོགས་པས། རྒན་པ་རྣམས་ཀྱིས་པྲོག་གསར་འགོག་ཁབ་ཐེངས་དང་པོ་དང་གཉིས་པ་བརྒྱབ་ནས་ཟླ་ངོ་དྲུག་ཙམ་འགོར་རྗེས། ད་དུང་རིམས་འགོག་སྣོན་ཁབ་བརྒྱབ་ནས་ལུས་སྟེང་གི་རིམས་འགོག་ནུས་པར་ཤུགས་སྣོན་དགོས།།

ཡིག་སྒྱུར་བ། འབྲུག་མོ།