བུ་སྣོད་ཀྱི་ཤ་སྐྲན་ནི་སྐྱེས་ལོ་རན་པའི་བུད་མེད་ལ་འབྱུང་ཚད་མཐོ་བའི་རྒྱུན་མཐོང་གི་སྐྲན་ནད་ཅིག་རེད། སྡོམ་རྩིས་བྱས་པ་ལྟར་ན། ལོ་སོ་ལྔའི་ཡན་གྱི་བུད་མེད་ཁྲོད་བརྒྱ་ཆའི་ཉི་ཤུ་ལ་བུ་སྣོད་ནང་ཤ་སྐྲན་ཡོད་པ་རེད། ཡང་ཅིག་བཤད་ན། བུད་མེད་དར་མ་བཞི་ནས་ལྔའི་ནང་གི་གཅིག་ལ་བུ་སྣོད་ནང་གི་ཤ་སྐྲན་གྱི་ནད་ཡོད་པ་རེད།
གཅིག སློང་རྐྱེན།
བུ་སྣོད་ཀྱི་ཤ་སྐྲན་འབྱུང་རྐྱེན་ནི་དེ་འདྲ་གསལ་བོ་ཞིག་མིན་མོད། མིག་སྔར་ལུས་ཀྱི་ཆ་ཤས་ཀྱི་སྐུལ་རྩི་དོ་མི་མཉམ་པར་འབྲེལ་བ་ཡོད་པར་འདོད། སྨན་བཅོས་ལས་རིགས་ཀྱིས་བུ་སྣོད་ཀྱི་ཤ་སྐྲན་འབྱུང་རྐྱེུན་ལ་ཞིབ་འཇུག་བྱས་ནས་ཡུན་རིང་འགོར་ནའང་ད་ལྟའི་བར་བཤད་ཚུལ་ཡང་དག་པ་ཞིག་རྙེད་མེད།
གཉིས། ནད་ཐོག་མངོན་རྟགས།
བུ་སྣོད་ཀྱི་ཤ་སྐྲན་བྱུང་བའི་དུས་མགོར་བུད་མེད་མང་ཆེ་བར་ནད་རྟགས་ཅི་ཡང་མེད་པས་རྒྱུན་པར་བུད་མེད་ལ་ཡོངས་ཁྱབ་ཀྱིས་ཞིབ་བཤེར་བྱེད་པའམBསྒྲ་རླབས་ལས་བརྟག་དཔྱད་བྱེད་སྐབས་ཤེས་ཐུབ་པ་རེད། ཤ་སྐྲན་སྐྱེས་པས་བུ་སྣོད་ཀྱི་ཚུགས་ཀ་འགྱུར་བའམ་བུ་སྣོད་ནང་སྐྱིའི་གཞི་ཁྱོན་འགྱུར་བ། ཡང་ན་གནས་ཁྱད་པར་བ་སྟེ། དཔེར་ན་བུ་སྣོད་ཁ་དང་ཆུ་རྒྱུས་སྟེང་ཤ་སྐྲན་ཅུང་ཆེ་བ་དང་སྐྱེ་ཚད་མགྱོགས་ན་ནད་ཐོག་གི་ནད་རྟགས་རབ་དང་རིམ་པ་ཡོད་དེ། ཆེས་རྒྱུན་མཐོང་གི་ནད་རྟགས་ནི།
༡.ཟླ་མཚན་འབབ་ཚད་འགྱུར་བ། ཤ་སྐྲན་བྱུང་བ་ལས་བུ་སྣོད་ཇེ་ཆེར་འགྱུར་བ་དང་། བུ་སྣོད་ནང་སྐྱིའི་གཞི་ཁྱོན་ཇེ་ཆེར་འགྱུར་བ། བུ་སྣོད་སྐུམ་པ་མི་བཟང་བའམ་བུ་སྣོད་ནང་སྐྱི་སྐྱེ་ཚད་མགྱོགས་པ་བཅས་ཚང་མས་ཟླ་མཚན་འབབ་ཡུན་རིང་བ་དང་། ཟླ་མཚན་འབབ་པ་མང་དྲགས་སྲིད་པས། དུས་ཐོག་ཏུ་གསོ་བཅོས་མ་བྱས་ན་ཟུངས་ཁྲག་ཉམས་སྲིད།
༢. གསུས་ཁོག་ན་སྐྲང་འབུར་ཡོད་པ། ཤ་སྐྲན་ཅུང་ཆེ་བའམ་སྐྱེ་ཚད་མགྱོགས་པའི་སྐབས་སུ་གསུས་ཆུང་གི་དཀྱིལ་ནས་སྐྲང་འབུར་ལ་རེག་ཐུབ་ལ་ཅུང་སྲ་མོ་ཡིན་པ་དང་། ཁྱད་པར་དུ་ཞོགས་པར་གཅིན་རེ་ཡོད་པའི་དུས་སུ་རེག་ན་ཤེས་སླ་བ་ཡིན།
༣. གྲང་བ་དཀར་པོ་ཇེ་མང་དུ་འགྲོ་བ། ཤ་སྐྲན་གྱིས་བུ་སྣོད་ཇེ་ཆེར་འགྱུར་བ་དང་། ནང་སྐྱིའི་རྨེན་གཟུགས་ཀྱི་ཟགས་ཐོན་ཇེ་མང་དུ་འགྲོ་བར་མ་ཟད། མཚང་ཁོག་ནང་ཁྲག་རྒྱས་ནས་གྲང་བ་དཀར་པོ་ཇེ་མང་དུ་འགྲོ་བ་རེད། གལ་ཏེ་སྐྱི་རྩིའི་འོག་ཏུ་ཤ་སྐྲན་ཡོད་ན་རྣག་སླ་བ་དང་རྣག་ཁྲག་མང་པོ་བཞུར་བ་མ་ཟད་དྲི་ངན་བྲོ་བ་རེད།
༤.རྩ་ཆུ་རྒྱུན་ལྡན་མིན་པ། ཤ་སྐྲན་ཅུང་ཆེ་བའམ་བུ་སྣོད་ཁ་དང་ཆུ་རྒྱུས་སྟེང་ཤ་སྐྲན་སྐྱེས་ན་མཚང་ཁོག་གི་དོན་སྣོད་གནོན་པའི་ནད་རྟགས་ཡོད་པ་རེད། དཔེར་ན་རྩ་སྐམ་པ་དང་གཅིན་གཏོང་རྒྱུ་མང་བ། གཅིན་གཏོང་རྒྱུ་ཡོད་ནའང་གཏོང་མི་ཐུབ་པ། གཅིན་འདྲེན་སྦུ་གུའི་གནས་འགྱུར་བ། མཁལ་ཕོར་ནང་དུ་ཆུ་གསོག་པ་སོགས་ལྟ་བུ།
༥.མཁལ་སྐེད་དང་གསུས་ཁོག་ན་བ། རྒྱུན་པར་མཐོང་བ་ནི་གསུས་ཆུང་སྦོས་པ་དང་མཁལ་སྐེད་ན་བ་སོགས་རེད། གནས་ཚུལ་ཁྱད་པར་ཅན་ཁ་ཤས་ལ་གློ་བུར་དུ་ན་ཟུག་འབྱུང་སྲིད། དཔེར་ན་ཤ་སྐྲན་འགྱུར་བའམ་མངལ་སྦྲུམ་ཡོད་པའི་སྐབས་སུ་ཤ་སྐྲན་དེ་དམར་པོར་འགྱུར་སྲིད་པ་དང་སྐབས་དེར་ཚའང་རྒྱས་སྲིད།
༦. མངལ་མི་ཆགས་པ། དཔྱད་གཞིའི་ཡིག་རིགས་ལྟར་ན། བུད་མེད་ཀྱི་བརྒྱ་ཆའི་ཉེར་ལྔ་ནས་བརྒྱ་ཆའི་བཞི་བཅུ་ལ་བུ་སྣོད་ཀྱི་ཤ་སྐྲན་བྱུང་སྟེ་ཁམས་དམར་འདྲེན་སྦུག་མནན་པའམ་འཁྱོག་པོར་བཏང་བས་ཁམས་དམར་འདྲེན་སྦུག་གི་རྒྱུན་ལྡན་ནུས་པར་གནོད་པ་བཟོས་པ་དང་། ཡང་ན་ཤ་སྐྲན་གྱིས་བུ་སྣོད་ཀྱི་རྣམ་པ་འགྱུར་དུ་བཅུག་པས་ཁམས་དཀར་འདྲེན་པར་གནོད་པ་བཟོས་ཏེ་མངལ་མ་ཆགས་པ་རེད།
གསུམ། བུ་སྣོད་ཀྱི་ཤ་སྐྲན་ནད་བརྟག་སྨན་བཅོས་བྱེད་ཐབས།
སྨན་གྱིས་གསོ་བཅོས་བྱེད་པ།
སྒོ་བརྟག་ཁང་དུ་སྨན་པར་སྟོན་སྐབས་བུད་མེད་མང་པོ་ཞིག་གིས་ད་གཟོད་བུ་སྣོད་ཀྱི་ཤ་སྐྲན་ནད་བྱུང་ཡོད་པ་ཤེས་རྗེས། དུས་ནམ་ཞིག་ལ་གཤག་བཅོས་བྱེད་དགོས་སྙམ་ནས་ཧ་ཅང་སྐྲག་གིན་ཡོད་པ་མཐོང་། དོན་དངོས་སུ་ཤ་སྐྲན་མང་པོ་ཞིག་གཤག་བཅོས་བྱེད་མི་དགོས་པར་སྨན་བཀོལ་ནས་གསོ་བཅོས་བྱེད་ཐུབ་པའམ་ཡང་ན་ཚོད་འཛིན་བྱེད་ཐུབ། ཡིན་ནའང་བུ་སྣོད་ཀྱི་ཤ་སྐྲན་དེ་སྨན་རྫས་ཀྱིས་གསོ་བཅོས་བྱེད་ན་གཤམ་གྱི་ཆ་རྐྱེན་འགར་མཐུན་དགོས། དཔེར་ན། ཤ་སྐྲན་གྱི་རྐྱེན་གྱིས་བུ་སྣོད་ཇེ་ཆེར་སོང་བ་དང་། དེ་མངལ་ཆགས་ནས་གཟའ་འཁོར་བརྒྱད་ཙམ་འགོར་བའི་ཆེ་ཆུང་ཡིན་པ། ཤ་སྐྲན་ཆེ་རྒྱུ་མེད་ལ་ནད་རྟགས་མེད་པའམ་ནད་རྟགས་ཅུང་ཡང་བ། ཟླ་མཚན་ཆད་པའི་ལོ་ཚོད་ལ་ཐོན་ལ་ཉེ་བའི་བུད་མེད། བུད་མེད་ཉུང་ཤས་ཤིག་གོང་གི་གནས་ཚུལ་འདིར་མི་གཏོགས་ནའང་ལུས་ཕུང་གི་རྐྱེན་གྱིས་གཤག་བཅོས་བྱེད་མི་རུང་བར་ཡང་སྨན་རྫས་ཀྱིས་གསོ་བཅོས་བྱས་ཆོག
གནས་ཚུལ་མི་འདྲ་བ་ལྟར་སྨན་རྫས་བདམས་ནས་བུ་སྣོད་ཀྱི་ཤ་སྐྲན་གསོ་བཅོས་བྱས་ཆོག ཤ་སྐྲན་དེ་ཟླ་མཚན་ཆད་རྗེས་བསྐུམས་འགྲོ་བའི་ཁྱད་ཆོས་ཡོད་པས་མིའི་ཐབས་ཀྱིས་ཟླ་མཚན་ཆད་དུ་བཅུག་ནས་ཤ་སྐྲན་བསྐུམ་པར་བྱས་ཆོག་ལ། ཤ་སྐྲན་དེ་ཕྱེད་ཀའི་ཡན་ཇེ་ཆུང་དུ་བཏང་ཆོག་པས་གཤག་བཅོས་བྱེད་མི་དགོས་པ་དང་། ཟླ་མཚན་ཆད་པའི་ལོ་ཚོད་ཐོན་ལ་ཉེ་བའི་བུད་མེད་ལ་ཁྱད་པར་དུ་གོ་ཆོད་པ་ཡིན། མིག་སྔར་རྒྱུན་དུ་བཀོལ་བའི་སྨན་རྫས་ནི། སྨན་ཁབ་བམ་བཏུང་བྱའི་ཞུང་ཅི་སུའུ(雄激素)དང་བཏུང་བྱའི་མུས་ཧྥེ་སི་ཐུང(米非司酮)རེད། ཡིན་ནའང་དུས་ཡུན་རིང་བོར་བསྟེན་མི་རུང་།
མེས་རྒྱལ་གྱི་གསོ་རིག་ཚད་ལྡན་ཡིག་ཆའི་ནང་བུ་སྣོད་ཀྱི་ཤ་སྐྲན་ཞེས་པའི་མིང་འདི་མེད། ནད་ཐོག་ནད་རྟགས་ལྟར་ན། འདི་ནི་མེས་རྒྱལ་གསོ་རིག་གིས་བཤད་པའི་སྐྲན་གྱི་ཁོངས་སུ་གཏོགས། དེ་ལ་ནད་བྱུང་བའི་རྒྱུ་རྐྱེན་དང་ནད་ཐོག་མངོན་ཚུལ་ལྟར། དབུགས་ཁྲག་རྒྱུ་དཀའ་བའི་རིགས་དང་། རློན་ཚའི་ཁྲག་འགག་གི་རིགས། གློ་འགག་གི་རིགས་བཅས་སུ་བགར་ཡོད། ནད་ཐོག་ནས་ཆེས་རྒྱུན་དུ་མཐོང་བ་ནི་དབུགས་ཁྲག་རྒྱུ་དཀའ་བའི་རིགས་རེད། གསོ་བཅོས་བྱེད་པའི་རྩ་དོན་ནི་ཁྲག་རྒྱུན་འགག་པ་སེལ་བ་དང་། སྲ་སྙི་དང་ཐོར་འགྲིལ་ཟུང་འབྲེལ་བྱེད་པ་གཙོ་བྱས་ཏེ་གསོ་བཅོས་བྱེད་དགོས། ཀོས་ཀྲི་ཧྥུའུ་ལིན(桂枝茯苓胶囊)སྤྱིན་ཐུམ་དང་ཀོས་ལིན་ཞའོ་ལིག(桂苓消瘤丸)རིལ་བུ་སོགས་འཐུང་ན་དུས་ཡུན་ཐུང་ངུའི་ནང་བུ་སྣོད་ནང་སྐྱིའི་ཁྲག་རྒྱུན་འཁོར་རྒྱུག་བྱས་ནས། ཤ་གནད་རིམ་པའི་སྐྲན་ཁོ་ན་ཇེ་ཆེར་འགྲོ་བ་དེ་རིམ་བཞིན་མེད་པར་འགྱུར་འགྲོ་བ་དང་། སྐྱེ་བའི་འབྲེལ་སྐྱོང་ཕུང་གྲུབ་རིམ་བཞིན་སྙི་མོར་གྱུར་ནས། ཤ་སྐྲན་དེ་སྙི་མོ་དང་ཇེ་ཆུང་དུ་གྱུར་ཏེ་མཇུག་མཐར་མེད་པར་འགྱུར་འགྲོ་བས་རྩ་བ་ནས་གསོ་བཅོས་བྱེད་པའི་དམིགས་འབེན་དུ་བསླེབ་ཐུབ།
གཤག་བཅོས་བྱས་ཏེ་གསོ་བཅོས་བྱེད་པ།
བུ་སྣོད་ཀྱི་ཤ་སྐྲན་མང་ཆེ་བར་གཤག་བཅོས་བྱེད་མི་དགོས་ནའང་། ཉུང་ཤས་ཤིག་གཤག་བཅོས་བྱས་ན་འཚམ་པས་ནད་པ་སྐྲག་ནས་འགོར་འགྱངས་སུ་བྱེད་དགོས་དོན་མེད། བུ་སྣོད་ཀྱི་ཤ་སྐྲན་གཤག་བཅོས་བྱེད་ཐབས་ཧ་ཅང་མང་བས། ཐོག་མར་ནད་པའི་གནས་ཚུལ་དང་སེམས་ཁམས་དགོས་མཁོ་ལྟར་བུ་སྣོད་འཇོག་པའམ་ལེན་པའི་གཤག་བཅོས་བྱེད་རྒྱུ་ཐག་བཅད་ཆོག ནད་པ་ལོ་ཆུང་ཡིན་པ་དང་བྱིས་པ་སྐྱེ་འདོད་ཡོད་པ། ནད་ལྗིད་མོ་མིན་པ་ཅན་ལ་གང་ནུས་ཀྱིས་གཤག་བཅོས་མ་ཡིན་པའི་གསོ་ཐབས་སྤྱད་དེ་རང་བཞིན་གྱིས་མངལ་ཆགས་སུ་འཇུག་པ་དང་། རང་བཞིན་གྱིས་མངལ་ཆགས་མི་ཐུབ་པར་ཤ་སྐྲན་བླངས་ནས་བུ་སྣོད་མི་ལེན་པའི་གཤག་བཅོས་བྱས་ཆོག ནད་པ་ཁ་ཤས་ཤིག་ལ་བུ་བུ་མོ་ཡོད་ནའང་ལོ་ཆུང་ཡིན་ན་ཤ་སྐྲན་ལེན་པ་ལས་བུ་སྣོད་མི་ལེན་པའི་གཤག་བཅོས་བྱེད་པ་དང་། བུད་མེད་དར་མ་ཡིན་ན་ནད་ཀྱི་གནས་ཚུལ་དང་སེམས་ཁམས་དགོས་མཁོ། གཤག་བཅོས་མ་ཡིན་པའི་གསོ་ཐབས་བཅས་ཟུང་དུ་སྦྲེལ་ཏེ། ཕྱོགས་ཡོངས་ནས་བསམ་བློ་བཏང་ནས་བུ་སྣོད་ལེན་མི་ལེན་ཐག་གིས་བཅད་ཆོག ནད་པ་ལོ་ལྔ་བཅུ་ཡས་མས་ཡིན་པ་དང་ནད་རྟགས་གསལ་བོ་ཡིན་ན་བུ་སྣོད་ལེན་པའི་གཤག་བཅོས་བྱས་ཆོག
མིག་སྔར་སྨན་ཁང་མང་པོས་བུ་སྣོད་མི་ལེན་པའི་གཤག་བཅོས་བྱེད་བཞིན་ཡོད་པ་སྟེ།
1. གསུས་ཁོག་མཐོང་ཤེལ་གྱི་འོག་ནས་བུ་སྣོད་ནང་གི་ཤ་སྐྲན་ལེན་པ།
2. བུ་སྣོད་མཐོང་ཤེལ་གྱི་འོག་ནས་བུ་སྣོད་ནང་གི་ཤ་སྐྲན་ལེན་པ།
3. མངལ་ལམ་ནས་བུ་སྣོད་ནང་གི་ཤ་སྐྲན་ལེན་པ།
4. བུ་སྣོད་མཐོང་ཤེལ་དང་གསུས་ཁོག་མཐོང་ཤེལ་གཉིས་ཟུང་དུ་སྦྲེལ་ནས་བུ་སྣོད་ནང་གི་ཤ་སྐྲན་ལེན་པ།
5. གསུས་ཁོག་ཅུང་ཙམ་གཤགས་ནས་བུ་སྣོད་ནང་གི་ཤ་སྐྲན་ལེན་པ།
6. གསུས་ཁོག་ཆེ་ཙམ་གཤགས་ནས་བུ་སྣོད་ནང་གི་ཤ་སྐྲན་ལེན་པ།
7. འཕྲོ་འོད་ནང་འཇུག་གསོ་ཐབས་ཀྱིས་བུ་སྣོད་ཀྱི་ཤ་སྐྲན་གསོ་བཅོས་བྱེད་པ།
8. སྐུལ་འོད་ཀྱིས་བུ་སྣོད་ཀྱི་ཤ་སྐྲན་གསོ་བཅོས་བྱེད་པ།
བུ་སྣོད་ལེན་པའི་གཤག་བཅོས་བྱེད་ཐབས་ནི།
1.གསུས་ཁོག་མཐོང་ཤེལ་གྱི་འོག་ནས་བུ་སྣོད་ཚང་མ་ལེན་པའམ་བུ་སྣོད་ཀྱི་ཟུར་ཞིག་ལེན་པ།
2.མངལ་ལམ་བརྒྱུད་ནས་བུ་སྣོད་ཚང་མ་ལེན་པའམ་བུ་སྣོད་ཀྱི་ཟུར་ཞིག་ལེན་པ།
3.གསུས་པའི་རྩ་རྒྱུས་སྐྱི་མོའི་འོག་ནས་བུ་སྣོད་ཚང་མ་ལེན་པ།
4.གསུས་པའི་རྩ་རྒྱུས་སྐྱི་མོའི་ཕྱི་ནས་བུ་སྣོད་ཚང་མ་ལེན་པ།
5.གསུས་ཁོག་ནས་བུ་སྣོད་ཀྱི་ཟུར་ཞིག་ལེན་པ།
6.གསུས་ཁོག་མཐོང་ཤེལ་གྱི་གཞོགས་འདེགས་འོག་བུ་སྣོད་ཚང་མ་ལེན་པ།
གོང་གི་བུ་སྣོད་ཀྱི་ཤ་སྐྲན་ལེན་པའི་གཤག་བཅོས་འདི་ཚང་མར་བཟང་ཆ་དང་སྐྱོན་ཆ་གཉིས་ཀ་ཡོད་པས། ནད་པའི་ཤ་སྐྲན་གྱི་ཆེ་ཆུང་དང་ཤ་སྐྲན་ཡོད་སའི་་གནས་སོགས་ལ་བལྟས་ནས་གཤག་བཅོས་བྱས་ན་འཕྲོད་མིན་དང་། ནད་པའི་ལོ་ཚོད་དང་ལུས་ཁམས། སྤྱི་ཚོགས། དཔལ་འབྱོར་སོགས་ཀྱི་གནས་ཚུལ་དང་། སེམས་ཁམས་དགོས་མཁོ་ལྟར་གཤག་བཅོས་བྱེད་ཐབས་ཐག་གིས་གཅོད་དགོས།
བུ་སྣོད་ཀྱི་ཤ་སྐྲན་སྔོན་འགོག་བྱེད་ཐབས།
བུ་སྣོད་ཀྱི་ཤ་སྐྲན་ནི་བཅོས་ཐབས་ཡོད་པའི་སྐྲན་ཡིན་པས་ཚབས་ཆེན་དུ་འགྱུར་ཚད་ཧ་ཅུང་ཉུང་། སྤྱིར་བཏང་དུ་བུ་སྣོད་ཀྱི་ཤ་སྐྲན་བྱུང་བའི་མི་ཧ་ཅང་མང་མོད་ཡོད་ཚད་གཤག་བཅོས་བྱེད་དགོས་པའི་ངེས་པ་མེད་ལ། ཐ་ན་ཁ་ཤས་ལ་གསོ་བཅོས་ཀྱང་བྱེད་མི་དགོས། ཁ་ཤས་ལ་ཚེ་གང་བོར་ཤ་སྐྲན་ཡོད་པ་ཤེས་ཀྱང་མི་ཤེས་ལ་གནོད་པ་ཅི་ཡང་མེད། ནད་འདི་སྔོན་འགོག་བྱེད་ཐབས་ཕལ་ཆེར་མེད་ལ། ད་ལྟ་ལོ་སོ་ལྔའི་ཡན་གྱི་བུད་མེད་བཞི་ཡི་ནང་གི་གཅིག་ལ་བུ་སྣོད་ཀྱི་ཤ་སྐྲན་ཡོད་པ་རེད། གལ་ཏེ་ནད་རྟགས་འདྲ་མེད་ན་དུས་བཅད་ལྟར་བསྐྱར་དུ་བརྟག་དཔྱད་བྱས་པས་ཆོག་ལ། ལུས་པོར་ཞིབ་བཤེར་བྱེད་པ་ནི་ནད་ཡོད་པ་སྔ་མོར་ཤེས་པའི་ཐབས་ལམ་བཟང་པོ་ཡིན་པས། ལོ་ཕྱེད་ནས་ལོ་རེའི་ནང་ཞིབ་བཤེར་ཐེངས་རེ་བྱས་ན་བཟང་བ་དང་། ནད་མ་བྱུང་གོང་དོགས་ཟོན་བྱས་ན་གང་ལས་ཀྱང་བཟང་། བུ་སྣོད་ཀྱི་ཤ་སྐྲན་བྱུང་བའི་དུས་འགོར་མི་མང་ཆེ་བར་ནད་རྟགས་འདྲ་མེད་པས་རྒྱུན་པར་བུད་མེད་ལ་ཡོངས་ཁྱབ་ཀྱིས་ཞིབ་བཤེར་བྱེད་པའམ་ཡང་ནBཁྲའོ་བརྟག་དཔྱད་བྱེད་སྐབས་སུ་ཤེས་པ་རེད།
ནད་པས་དུས་རྒྱུན་གྱི་འཚོ་བའི་ནང་སེམས་ཁམས་སྙོམ་སྒྲིག་ཡོང་བར་དོ་སྣང་བྱས་ཏེ། ཁོང་ཁྲོ་ཆེན་པོ་ལངས་པ་དང་སྐྱོ་གདུང་དྲག་པོ་སྐྱེས་པ། ཕྱོགས་ཡར་མར་ལ་འདང་མང་པོ་རྒྱག་པ་སོགས་མི་བྱེད་པར། ཆོག་ཤེས་ཡོད་པ་དང་་སྤྲོ་སྣང་ལྡན་པ། སེམས་རྒྱ་ཆེ་བ། བློ་རྒྱ་ཡངས་པ་བྱེད་པ་དང་། ཧ་ཅང་ཐང་ཆད་དུ་འཇུག་མི་རུང་། འདི་ལྟར་དོན་ལྔ་བོ་སྙོམས་ན་རླུང་རྒྱུ་བ་བཟང་ལ། རླུང་རྒྱུ་ན་ཁྲག་སྙོམས་པ་དང་། དབུགས་ཁྲག་སྙོམས་ན་ནད་བརྒྱ་འབྱུང་མི་ཐུབ། དེ་མིན་ནད་པས་འཁྲིག་སྤྱོད་བྱེད་པར་མཉམ་བཞག་ནས་མཁལ་མར་གནོད་པ་ཐེབས་ནས་ནད་བབ་ཇེ་སྡུག་ཏུ་འགྱུར་བར་གཟབ་དགོས། དེ་ལས་ཀྱང་མཉམ་འཇོག་དགོས་པ་ནི་འཁྲིག་སྤྱོད་བྱེད་སྐབས་ཀྱི་གཙང་སྦྲ་དང་མངལ་ཁ་གཙང་མ་རྒྱུན་འཁྱོངས་བྱས་ཏེ་ཕྱིའི་ནད་ནང་དུ་འཛུལ་ནས་དབུགས་ཁྲག་རྒྱུ་དཀའ་བར་བྱས་ཏེ་ནད་བབ་ཇེ་སྡུག་ཏུ་འགྱུར་བ་སྔོན་འགོག་བྱེད་དགོས། བུ་སྣོད་ཀྱི་ཤ་སྐྲན་བྱུང་བ་དེ་དུས་ཡུན་རིང་པོར་མོ་གཤིས་སྐུལ་རྩི་ཡིས་ངར་སྐྱེད་པར་འབྲེལ་བ་ཡོད། ཡིན་ནའང་སྲོག་ཆགས་ལ་ཚོད་ལྟ་བྱས་པ་ལས་མངོན་པ་ལྟར་ན། ཚིལ་མང་བའི་ཟས་རིགས་ཀྱིས་སྐུལ་རྩི་ཁ་ཤས་འཕེལ་བ་དང་གློད་འགྲོལ་བྱེད་པར་སྐུལ་འདེད་བྱེད་སྲིད་པས། བུད་མེད་ལུས་ཚོན་པོ་ཅན་ལ་བུ་སྣོད་ཀྱི་ཤ་སྐྲན་འབྱུང་ཚད་མངོན་གསལ་གྱིས་མཐོ་བ་རེད།
བཟའ་བཏུང་གི་གོམས་སྲོལ་བཟང་པོ་ཞིག་ཡོད་ན་བུ་སྣོད་ཀྱི་ཤ་སྐྲན་ཚོད་འཛིན་བྱེད་པར་ནུས་པ་ངེས་ཅན་ཞིག་ཡོད།
གཅིག བཟའ་བཏུང་དུས་ལྟར་ཚད་ངེས་ཅན་ཞིག་ཟ་བ་ལས་བག་མེད་དུ་ཟ་འཐུང་བྱེད་མི་རུང་།
གཉིས། ཤ་གནག་དང་བྱ་སྒོང་། སྔོ་ཚོད། སིལ་ཏོག་སོགས་ཚིལ་ཉུང་བའི་ཟས་རིགས་མང་དུ་ཟོས་ན་བཟང་།
གསུམ། འབྲུ་རིགས་སྣ་ལྔ་སྟེ་མ་རྨོས་ལོ་ཏོག་དང་སྲན་མའི་རིགས་མང་དུ་ཟོས་ན་བཟང་།
བཞི། འཚོ་བཅུད་འཛོམས་པའི་ཟས་རིགས་ཏེ་བ་དམ་དང་ཏིལ། ཉི་དགའ་མེ་ཏོག་གི་འབྲས་བུ་སོགས་རྒྱུན་དུ་ཟོས་ན་བཟང་།
ལྔ། ཁ་ཚ་བའི་ཟས་དང་ཆང་གི་རིགས། འཁྱགས་ཟས་སོགས་སྤང་དགོས།།
རྩོམ་སྒྲིག་པ། འབྲུག་མོ།