ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་ཀྱི་ཀྲུང་ལུགས་གསོ་རིག་གི་འཕེལ་རྒྱས་འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།
《འཆར་འགོད》ནང་བསྟན་དོན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་སྤེལ་གཏོང་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་ཚུགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བཅས་བྱེད་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱས་ནས། ཀྲུང་ལུགས་དང་ཕྱི་ལུགས་གཉིས་ཀར་མཐོང་ཆེན་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཉིང་བཅུད་རྒྱུན་འཛིན་དང་བདེན་སྲུང་གསར་གཏོད་བཅས་བྱས་ཏེ་ཀྲུང་ལུགས་གསོ་རིག་དར་སྤེལ་དང་འཕེལ་རྒྱས་གཏོང་བའི་ལས་གཞི་གལ་ཆེན་ལག་བསྟར་བྱེད་དགོས། ཞན་ཆ་གསབ་པ་དང་སྐྱོན་ཆ་སེལ་བ། བཟང་ཆ་དར་སྤེལ། གསོན་ཤུགས་འཕེལ་བ་བཅས་བྱས་ཏེ། ཀྲུང་ལུགས་གསོ་རིག་སྨན་རྫས་དང་དེང་རབས་ཚན་རིག་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་དང་ཕྱི་ལུགས་གསོ་རིག་སྨན་རྫས་ཕན་ཚུན་ཁ་གསབ་དང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་པ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་དེང་རབས་ཅན་དང་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་གི་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་དང་འཛམ་གླིང་གི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་སྔར་ལས་བཟང་བོ་བྱེད་པའི་ཐད་ཤུགས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།
《འཆར་འགོད》ནང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་ཀྱི་གཞི་རྩའི་རྩ་དོན་ཏེ། མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པ་མཐའ་འཁྱོངས། བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་རྒྱུན་འཁྱོངས། སྤྱི་འདོམས་མཐུན་སྦྱོར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བཅས་བྱེད་པ་གསལ་བོར་བཏོན་ཡོད། 《འཆར་འགོད》ནང་ཉིས་སྟོང་ཉེར་ལྔ་ལོར་སླེབས་སྐབས་ཀྲུང་ལུགས་གསོ་རིག་གི་བདེ་ཐང་ཞབས་ཞུའི་ནུས་པ་མངོན་གསལ་སྒོས་ཆེ་རུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲིད་ཇུས་དང་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། ཀྲུང་ལུགས་གསོ་རིག་དར་རྒྱས་དང་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པར་བྱེད་པ་བཅས་བྱས་ཏེ། བདེ་ཐང་ ཀྲུང་གོ་འཛུགས་སྐྲུན་ཁྲོད་ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བཏོན་ཡོད།《འཆར་འགོད》ནང་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་མ་ལག་དང་ཁྱད་ལྡན་ཤེས་ལྡན་པའི་དཔུང་ཁག རྒྱུན་འཛིན་གསར་གཏོད། ཐོན་ལས་དང་བདེ་ཐང་ཞབས་ཞུའི་ལས་རིགས། རིག་གནས། སྒོ་འབྱེད་འཕེལ་རྒྱས། བཅོས་སྐྱོང་ཆུ་ཚད་སོགས་ཐད་ཀྱི་ཞིབ་ཕྲའི་འཕེལ་རྒྱས་དམིགས་ཚད་དང་དེ་བཞིན་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ཁག་བཅོ་ལྔ་བཏོན་ཡོད།
《འཆར་འགོད》ནང་གཙོ་གནད་ལས་འགན་བཅུ་བཀོད་སྒྲིག་བྱས་པའི་ནང་ཀྲུང་ལུགས་གསོ་རིག་གི་སྤུས་ལེགས་ནུས་ལྡན་ཞབས་ཞུའི་མ་ལག་འཛུགས་པ་དང་། ཀྲུང་ལུགས་གསོ་རིག་གི་བདེ་ཐང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། བྱང་ཚད་མཐོ་བའི་ཀྲུང་ལུགས་གསོ་རིག་གི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ། ཆུ་ཚད་མཐོ་བའི་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་སྲུང་སྐྱོང་དང་ཚན་རྩལ་གསར་གཏོད་མ་ལག་འཛུགས་པ། ཀྲུང་ལུགས་གསོ་རིག་གི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་གི་བདེ་ཐང་ཞབས་ཞུ་ལས་རིགས་འཕེལ་རྒྱས་སུ་གཏོང་བ། ཀྲུང་ལུགས་གསོ་རིག་གི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་གི་སྒོ་འབྱེད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་དེ་བཞིན་ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ཀྱི་འདེགས་སྐྱོར་ཤུགས་ཆེན་དུ་གཏོང་བ་སོགས་ཚུད་ཡོད་པ་མ་ཟད། རིགས་བཅུ་གཅིག་ལ་གཙོ་གནད་རྣམ་གྲངས་ཞེ་བཞི་བཀོད་སྒྲིག་བྱས་ཡོད།
《འཆར་འགོད》ནང་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་ལུགས་གསོ་རིག་ལས་དོན་སྡེ་ཁག་བར་གྱི་མཉམ་འབྲེལ་ཚོགས་འདུའི་གཞུང་སྒྲུབ་ཁང་གི་སྤྱི་འདོམས་འགན་ནུས་ལ་ཤུགས་སྣོན་བྱེད་དགོས་པ་དང་། མ་འཇོག་འགན་ལེན་ལ་ཤུགས་སྣོན་བྱས་ནས་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་ཀྱི་སྣ་མང་ཅན་གྱི་མ་འཇོག་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་དགོས་པ། ལག་བསྟར་ལམ་སྲོལ་འཐུས་ཚང་དུ་བཏང་ནས། འཆར་འགོད་རྩོམ་བཟོ་ལག་བསྟར་གྱི་ལམ་ལུགས་འགན་ལེན་ལ་ཤུགས་སྣོན་བྱེད་དགོས་པ། དྲིལ་བསྒྲགས་ཁྲིད་སྟོན་ལ་དོ་སྣང་ཆེན་པོ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་ལ་ཐུན་མོང་གིས་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས་ཞེས་བསྟན་ཡོད། །
རྩོམ་སྒྲིག་པ། འབྲུག་མོ