ཁྲིམས་འགལ་བྱ་སྤྱོད་རིགས་བཅོ་ལྔ་སྤེལ་མཁན་ལ་རྡུང་རྡེག་ནན་མོ་གཏང་རྒྱུ།
2022.04.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

 ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་བརྡ་ཁྱབ་བསྒྲགས་དོན། རིམས་ནད་འགོག་ཟོན་གྱི་སྐབས་འདི་ལ་གཤམ་གྱི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་མཁན་དག་ལ་རྡུང་རྡེག་ནན་མོ་གཏང་རྒྱུ།

གཅིག མི་དམངས་སྲིད་གཞུང་གིས་བྲེལ་ཚབས་ཆེ་བའི་གནས་སྟངས་འོག་ཁྲིམས་བཞིན་བསྒྲགས་པའི་ཆོད་དོན་དང་། བཀའ་རྒྱ། གཏན་འབེབས། བླང་བྱ་སོགས་ལག་བསྟར་མི་བྱེད་མཁན།

གཉིས། རིམས་འགོག་བེད་སྤྱད་དེ་དཀྲོག་གཏམ་བཟོ་བ་དང་སྒྲོག་པ། ཡང་ན་ཕུང་དཀྲུག་བྱས་ནས་རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བརླག་གཏང་མཁན།

གསུམ། གློ་བུར་དུ་བྱུང་བའི་རིམས་ནད་སོགས་གནོད་འཚེ་དང་འབྲེལ་བའི་འཇིགས་སྣང་ཅན་གྱི་ཆ་འཕྲིན་རྫུན་བཟོ་བྱེད་མཁན།

བཞི། སྨན་བཅོས་སྲོག་སྐྱོབ་མི་སྣ་དང་། རིམས་ནད་འགོག་ཟོན་པ། མི་དམངས་ཉེན་རྟོག་པ། དེ་བཞིན་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱི་རེ་བ་དང་ལེན་མི་བྱེད་ཅིང་། གེགས་བྱེད་པ། བརྙས་བཅོས་དང་འཇིགས་སྣང་སྐུལ་བ། གཅར་རྡུང་བྱེད་མཁན།

ལྔ། སྤྱི་བདེ་ལས་ཁུངས་ཀྱིས་བཙུགས་པའི་ཉེན་ཟོན་འགག་སྒོ་དང་ཉེན་ཟོན་ཁུལ་དུ་མཆོང་བརྒལ་བྱེད་མཁན།

དྲུག དྲ་རྒྱ་དང་སྐད་འཕྲིན། འཁྱུག་དབྱིངས་སོགས་སུ་འཆལ་གཏམ་སྒྲོག་པ་དང་བཀྲམས་པ། རིམས་ནད་ཀྱི་གནས་ཚུལ་དང་ཉེན་རྟོག་གི་གནས་ཚུལ་རྫུན་ཞུ་སོགས་བསམ་བཞིན་དུ་སྤྱི་གཞུང་གི་སྒྲིག་སྲོལ་གཏོར་བརླག་བྱེད་མཁན།

བདུན། རིམས་ནད་འགོས་ཡོད་པ་ཤེས་བཞིན་དུ་སྙན་ཞུ་མི་བྱེད་པ་དང་། ནད་གཞི་དང་། ཡུལ་སྐོར་དུ་སོང་བའི་གནས་ཚུལ། གར་སྡོད་གནས་ཚུལ། འབྲེལ་འདྲིས་གནས་ཚུལ། འགྲོ་འོང་གི་གནས་ཚུལ་སོགས་གསང་ནས་རྫུན་ཞུ་བྱེད་མཁན། རིམས་ནད་ཞིབ་བཤེར་དང་ཁྱིམ་སྡོད་དམ་གཅིག་སྡུད་ཀྱི་གསོ་རིག་བརྟག་དཔྱད་དང་ལེན་མི་བྱེད་མཁན།

བརྒྱད། ཐོ་འགོད་མི་བྱེད་ཅིང་། ལུས་ཀྱི་དྲོད་ཚད་མི་འཇལ་བ། ཨང་རིས་གཉིས་མི་བཤེར་བ་སོགས་རིམས་འགོག་བྱེད་ཐབས་དང་ལེན་མི་བྱེད་མཁན།

དགུ། གཏན་འབེབས་ནང་བཞིན་ལོགས་བཀར་དང་ཁྱིམ་ནང་གི་གསོ་རིག་བརྟག་དཔྱད་དང་ལེན་མི་བྱེད་པ། ཡང་ན་ལོགས་བཀར་དང་ལྟ་ཞིབ་ཀྱི་དུས་ཚད་མ་ལོངས་པར་རང་དགར་ཕྱིར་འབུད་མཁན།

བཅུ། སྤྱི་གཞུང་གི་ཡུལ་དང་གནས་གང་རུང་དུ་མི་ངེས་མེད་ལ་རིམས་ནད་འགོས་པ་དང་། ཡང་ན་གནས་གཞན་དུ་རིམས་ནད་འགོ་རུ་འཇུག་མཁན།

བཅུ་གཅིག ཁྲོམ་རའི་སྒྲིག་ལམ་གཏོར་བརླག་ཚབས་ཆེན་བཟོ་མཁན།

བཅུ་གཉིས། ཁ་ཐུམ་དང་། ལག་ཤུབ། དུག་སེལ་སྨན་ཆུ་སོགས་འགོག་བཅོས་དང་འགོག་སྲུང་གི་ཐོན་རྫས་རྫུན་མ་ཐོན་སྐྱེད་དང་ཡང་ན་སྤུས་ངན་ཐོན་རྫས་ཐོན་སྐྱེད་བྱེད་མཁན།

བཅུ་གསུམ། རིམས་འགོག་རོགས་སྐྱོར་དངོས་ཟོང་དང་སྒྲིག་ཆས་རྐུ་འཁྱེར་དང་། གཡོ་ལེན། བཙན་འཕྲོག གཏོར་བརླག བདག་འཛིན་བྱེད་མཁན།

བཅུ་བཞི། ཉིང་སྐྱུར་བརྟག་དཔྱད་ཀྱི་དཔང་ཡིག་རྫུན་བཟོ་དང་བཅོས་མ། ཉོ་ཚོང་བྱེད་མཁན།

བཅོ་ལྔ། གཏན་འབེབས་དང་འགལ་ནས་རིག་གནས་དང་ལུས་རྩལ་ལ་སོགས་མང་ཚོགས་རང་བཞིན་གྱི་འདུ་འགོད་ཆེ་གྲས་སྤེལ་མཁན།

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་རྣམས་ཀྱིས་རིམས་འགོག་སྐབས་སུ་ཁྲིམས་འགལ་ཉེས་སྤྱོད་སྤེལ་མཁན་གྱི་ཁུངས་སྣེ་རྙེད་ཚེ་སྤྱི་བདེ་ལས་ཁུངས་ལ་མྱུར་དུ་ཞུ་གཏུག་བྱེད་དགོས་པའི་སྐུལ་མ་གཏོང་བཞིན་ཡོད།།

རྩོམ་སྒྲིག་པ། འབྲུག་མོ།