གཤམ་གྱི་གནད་དོན་འདི་དག་ལ་ཁྱིམ་བདག་ཚོས་ངེས་པར་དུ་དོ་སྣང་བྱ་དགོས།
ཁྱིམ་བདག་དང་ལྟ་སྲུང་བའམ་ལྟ་སྐྱོང་མཁན་བཅས་ཀྱིས་ལོ་ན་ཆུང་བའི་བྱིས་པར་ལྟ་སྐྱོང་བྱེད་སྐབས་མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་ལ་དོ་སྣང་བྱ་དགོས་པ་དང་། རྒྱུན་ལྡན་གྱི་བདེ་ཐང་ལ་ལྟ་ཞིབ་ལེགས་པོ་བྱེད་པ། ཁ་ཐུམ་རྒྱག་པ། ལག་པ་གཙང་མར་བཀྲུ་བ། མི་དང་མིའི་བར་ཐག་བཀྱེད་པ་རྒྱུན་འཁྱོངས་བྱེད་པ། བྱིས་པར་ཁ་གཏད་ནས་སྣ་སྦྲིད་རྒྱག་པ་དང་གློ་ལུ་རྒྱག་པ་སོགས་བྱེད་མི་རུང་།
བྱིས་པ་རློན་ནུ་དང་དེ་ལས་ཅུང་ཆེ་བའི་བྱིས་པའི་རྒྱུན་ལྡན་གྱི་འཚོ་བའི་མཁོ་ཆས་ལོགས་སུ་བཀར་ནས་བེད་སྤྱོད་བྱ་དགོས། ཁྱིམ་བདག་དང་ལྟ་སྲུང་བའམ་ལྟ་སྐྱོང་མཁན་བཅས་ཀྱིས་བྱིས་པ་གཉོར་སྐྱོང་བྱེད་སྐབས་འཕྲོད་བསྟེན་གྱི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་དགོས། དེའི་ཁྲོད་ལག་པ་བཀྲུ་བ་དང་། གང་སར་མི་རེག་པ། མཛུབ་མོ་ཁ་ནང་དུ་མི་འཇུག་པ། སྣ་ཁུང་མི་སྔོག་པ། མིག་མི་འཕུར་བ་སོགས་འདུ། བྱིས་པའི་ཁྱིམ་བདག་དང་། ལྟ་སྲུང་བའམ་ལྟ་སྐྱོང་མཁན། མཉམ་དུ་སྡོད་མཁན། དེ་མིན་བྱིས་པར་གཉོར་སྐྱོང་བྱེད་མཁན་བཅས་ཀྱི་ལས་སྒྲུབ་མི་སྣས་རིམས་འགོག་སྨན་ཁབ་ཁ་ཚང་བརྒྱག་དགོས་ཤིང་། དེ་ལྟར་བྱས་ན་རང་ཉིད་ལ་སྲུང་སྐྱོབ་བྱས་ཡོད་པས་མི་ཚད་བྱིས་པ་ལ་ཡང་སྲུང་སྐྱོབ་བྱས་ཡོད་པ་རེད།
བྱིས་པར་དབུགས་ལམ་གྱི་ནད་ཕོག་པའི་དུས་སུ་གང་ནུས་ཀྱིས་ཕྱི་ལ་འགྲོ་བ་ཇེ་ཉུང་དུ་གཏོང་དགོས། གལ་ཏེ་ཕྱི་ལ་འགྲོ་དགོས་ཚེ་ངེས་པར་དུ་ཁ་ཐུམ་རྒྱག་དགོས།
འདུ་ཚོགས་ཇེ་ཉུང་དུ་གཏོང་བ་དང་། མི་སྒེར་གྱི་འགྲོ་འདུག་ཇེ་ཉུང་དུ་བཏང་ནས་མི་ཚོགས་མང་པའི་སྤྱི་པའི་འདུ་གནས་དང་། ཁང་མིག་དོག་པོ་སོགས་ལ་རབ་ཡིན་ན་མི་འགྲོ་བར་རིམས་ནད་འགོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས། བྱིས་པར་སྨན་ཁང་དུ་སྨན་པར་སྟོན་པའམ་ཡང་ན་རིམས་འགོག་སྨན་ཁབ་རྒྱག་པའི་སྐབས་སུ། གང་ཐུབ་ཅི་ཐུབ་ཀྱིས་གནས་དེ་དག་ནས་སྡོད་པའི་དུས་ཡུན་ཇེ་ཐུང་དུ་གཏོང་དགོས་པ་དང་། ཁྱིམ་དུ་ལོག་རྗེས་དེ་མ་ཉིད་དུ་ལག་པ་གཙང་མར་བཀྲུ་དགོས།
ཕྱི་རོལ་དུ་མ་སོང་གོང་ཁྱིམ་བདག་དང་ལྟ་སྲུང་བའམ་ལྟ་སྐྱོང་པས་ལུགས་མཐུན་ངང་འགྲོ་སྐྱོད་འཆར་འགོད་བྱས་ནས། མི་ཉུང་ལ་རླུང་རྒྱུ་བདེ་བའི་ས་ཆ་བདམས་ནས་རྩེ་རུ་འཇུག་དགོས། ཕྱི་ལ་འགྲོ་སྐབས་བྱིས་པར་ཐད་ཀར་སྤྱི་སྤྱོད་དངོས་པོའི་ཕྱི་ངོས་ལ་ལག་པས་རེག་ཏུ་མི་འཇུག་པར་ཕྱིར་ཐོན་རྗེས་དུས་ཐོག་ཏུ་ལག་པ་བཀྲུ་དགོས།
ཁྱིམ་བདག་དང་ལྟ་སྲུང་བའམ་ལྟ་སྐྱོང་མཁན་བཅས་ཀྱིས་བྱིས་པར་མིག་གི་འཕྲོད་བསྟེན་ལ་དོ་སྣང་བྱ་དགོས་པའི་ཁྲིད་སྟོན་བྱས་ཏེ། རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་ལེགས་པོ་བྱ་དགོས། ཚན་རིག་གི་འགུལ་སྐྱོད་འོས་འཚམ་བྱེད་པ་དང་། འཚོ་བཅུད་དོ་མཉམ་པ། ངལ་གསོ་བཀོད་སྒྲིག་ལེགས་པོ་བཅས་བྱས་ཏེ། ལུས་ཕུང་གི་ནད་འགོག་ནུས་པ་མཐོར་འདེགས་སུ་གཏོང་དགོས། ཁྱིམ་བདག་དང་ལྟ་སྲུང་བའམ་ལྟ་སྐྱོང་མཁན། དེ་མིན་བྱིས་པར་སྙོར་སྐྱོང་བྱེད་མཁན་བཅས་ལ་ཚ་རྒྱག་པ་དང་། སྐམ་ལུ་བྱེད་པ། མིད་པ་ན་བ་སོགས་ཀྱི་ནད་རྟགས་འབྱུང་སྐབས། བྱིས་པར་ཐད་ཀར་མི་རེག་རྒྱུ་གལ་ཆེ། བྱིས་པའི་ཁང་པ་གཙང་ཞིང་གྲལ་དག་པར་བྱས་ནས་དུས་དང་བསྟུན་ནས་སྒོ་དང་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་གསར་བ་རྒྱུ་བར་ཁག་ཐེག་བྱ་དགོས། དྲོད་སྙོམས་འཕྲུལ་ཆས་ཁ་ཕྱེ་ཡོད་པའི་ཁང་བའི་ནང་དུ་དུས་ཡུན་རིང་བོར་འདུག་པར་འཛེམ་དགོས།
རིམས་ནད་ཁྱབ་པའི་དུས་སུ། ཁྱིམ་བདག་དང་ལྟ་སྲུང་བའམ་ལྟ་སྐྱོང་མཁན་དང་དེ་མིན་བྱིས་པར་གཉོར་སྐྱོང་བྱེད་མཁན་བཅས་གྱིས་ས་གནས་དེ་གའི་བེད་སྤྱོད་བྱེད་པའི་རིམས་འགོག་གི་བླང་བྱར་བསྟུན་ཅི་ཐུབ་བྱ་དགོས།།
རྩོམ་སྒྲིག་པ། འབྲུག་མོ།