དབུགས་རྡུལ་ལས་ནད་དུག་འགོས་ཁྱབ་འགྲོ་བ་དེས་རིམས་འགོག་ལ་དཀའ་ཁག་ཆེན་པོ་བཟོས་ཡོད་ན་ཡང་། དེ་ལ་གཏན་ནས་འགོག་ཐབས་མེད་པ་ཞིག་མ་ཡིན་ཏེ། འཚོ་བའི་ཁྲོད་དུ་ཚང་མས་གཤམ་གྱི་བྱེད་ཐབས་ལ་བརྟེན་ནས་ནད་དུག་འགོ་བ་སྔོན་འགོག་བྱ་དགོས།
དང་པོ། ཚད་ལྡན་གྱི་སྒོ་ནས་ཁ་ཐུམ་རྒྱག་པ།
ཁང་བའི་ནང་དང་ཁྱད་པར་དུ་གློག་སྐས་དང་གསང་སྤྱོད་ཁང་སོགས་རླུང་མི་རྒྱུ་བའི་བར་སྟོང་དུ་ངེས་པར་དུ་ཚན་རིག་དང་མཐུན་ལ་ཚད་ལྡན་གྱི་སྒོ་ནས་ཁ་ཐུམ་རྒྱག་དགོས། ཁང་བའི་ཕྱི་རོལ་གྱི་བྱེད་སྒོ་སྤེལ་ས་སྟེ་མི་གཞན་ཡོད་པའི་ཐང་ཆེན་དང་ཟློས་གར་ཁང་། སྤྱི་གླིང་། ཞིང་ཁ་སོགས་སུ་ཡོད་པའི་སྐབས་སུ་ཡང་གང་འདོད་དུ་ཁ་ཐུམ་ལེན་མི་རུང་།
གཉིས་པ། ལག་པས་ཁ་མིག་དང་རྣ་ལ་མི་རེག་པ།
གློག་སྐས་ཀྱི་མཐེབ་གནོན་སོགས་སྤྱི་བའི་དངོས་རྫས་ལ་རེག་སྐབས། གཙང་ཤོག་དང་ལག་ཤུབས། ཡང་ན་བར་གཅོད་དངོས་རྫས་གཞན་བཀོལ་ཆོག་པ་དང་། ཐད་ཀར་རེག་རྗེས་དུས་ཐོག་ཏུ་ལག་པ་བཀྲུ་བའམ་དུག་སེལ་བྱ་དགོས།
གསུམ་པ། གང་འདོད་དུ་ཁ་ལུད་མི་འཕེན་པ།
པྲོག་གསར་ནད་དུག་དེ་ཁ་ལུད་ཁྲོད་ཉིན་སོ་དགུ་གནས་ཐུབ་པས་ཁ་ལུད་འཕེན་དུས་ཁ་ལུད་ཤོག་བུའི་ནང་དུ་འཕངས་ནས་མར་གཡུག་དགོས། དེ་ལྟར་བྱས་ན་ཕྱོགས་གཅིག་ནས་ནད་དུག་མཁའ་དབུགས་ནང་འགོས་ཁྱབ་དུ་འགྲོ་ཚད་ཇེ་ཉུང་དུ་གཏང་ཐུབ་ལ། ཕྱོགས་གཅིག་ནས་ཁ་ལུད་ལུས་སྟེང་དང་གནས་གཞན་དག་ལ་འཐོར་ནས་འགོས་ཁྱབ་འགྲོ་བར་སྔོན་འགོག་བྱ་ཐུབ།
བཞི་བ། ཉིན་རེར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ།
རླུང་རྒྱུ་རུ་འཇུག་པ་ནི། པྲོག་གསར་ནད་དུག་སྔོན་འགོག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དྲོ་གྲང་སྙོམས་སྒྲིག་མ་ལག་བེད་སྤྱོད་བྱས་ཡོད་མེད་གང་ཡིན་རུང་། ངེས་པར་དུ་ཉི་མ་རེ་རེ་ལ་སྒོ་ཕྱེ་བ་དང་སྒེའུ་ཁུང་ཕྱེ་བ་སོགས་བྱེད་ཐབས་སྤྱད་ནས་རླུང་རྒྱུ་བའི་ཚད་ཇེ་མཐོར་བཏང་ནས། ཁང་བའི་ནང་ཧྲིལ་བོར་རླུང་རྒྱུ་བར་ཁག་ཐེག་བྱ་དགོས། རང་བྱུང་གི་རླུང་རྒྱུ་བ་མི་འདང་བའི་གནས་ཚུལ་འོག རླུང་གཡབ་འཕྲུལ་ཆས་སོགས་སྤྱད་དེ་རླུང་རྒྱུ་བའི་ཚད་ཇེ་མཐོར་གཏང་དགོས།
ལྔ་བ། ས་ཟགས་ཀྱི་ཁུང་སྒོ་དམ་པོར་གཅོད་པ།
ཁྱིམ་ཚང་ནས་དབུགས་རྡུལ་བརྒྱུད་ནས་ནད་དུག་འགོས་མཆེད་སྔོན་འགོག་བྱེད་པ་ལ། མཉམ་འཇོག་བྱ་དགོས་སའི་གནས་གཙོ་བོ་གཉིས་ཡོད་པ་ནི། ས་ཟགས་ཀྱི་ཁུང་སྒོ་དང་གསང་སྤྱོད་ཁང་གི་ཆབ་ཏོག་གཉིས་ཡིན།
དེ་ལ་དུས་ལྟར་དུག་སེལ་བྱེད་པ་ལས་གཞན། ཁྱིམ་ནང་གི་ས་ཟགས་ནས་ཆུ་ཕྱིར་མི་གཏོང་བའི་སྐབས་སུ་ཁེབས་གཅོད་ཀྱིས་ཁ་ལེགས་པར་གཅོད་དགོས། བཤང་གཅིན་བཏང་རྗེས་ཆུ་བཤལ་རྒྱག་སྐབས་ཆབ་ཏོག་གི་ཁ་ལེབ་རྒྱག་དགོས་ལ། ཐབ་ཚང་ནང་གི་ས་ཟགས་དང་གསང་སྤྱོད་ཁང་གི་ས་ཟགས་ཀྱི་ཆུ་སྦུག་དང་ས་ཟགས་གཉིས་ཀྱི་མཐུད་མཚམས་དམ་པོ་མིན་ཚེ། སྦྱོར་ཤོག་གིས་དམ་པོར་སྦྱར་དགོས།།
རྩོམ་སྒྲིག་པ། འབྲུག་མོ།