གཉིས། རུལ་མྱགས་སུ་སོང་བའི་ཟས་རིགས་ཀྱིས་མིའི་ལུང་ཕུང་ལ་གནོད་འཚེ་གང་དག་ཐེབས་པ་ཡིན་ནམ།
རུལ་མྱགས་སུ་སོང་བའི་ཟས་རིགས་ཀྱིས་མི་རྣམས་ལ་དང་ལེན་བྱེད་དཀའ་བའི་དབང་ཤེས་ཀྱི་མྱོང་ཚོར་བསྐྱེད་པར་བྱེད་དེ། དཔེར་ན་སྣོམ་པར་དཀའ་བའི་དྲི་མ་དང་། རྒྱུན་ལྡན་མིན་པའི་ཁ་མདོག སྐྱུག་མེར་སློང་བའི་རོ་བྲོ། ཕྱི་དབྱིབས་ཀྱི་གྲུབ་ཆ་རུལ་བ། བེ་སྣབས་ལྟ་བུའི་འབག་རྫས་སོགས་ཡོད།
ཟས་རིགས་ཁྲོད་ཀྱི་གྲུབ་རྒྱུ་གཙོ་བོ་སྟེ། སྤྲི་དཀར་རྫས་དང་ཚིལ་རྒྱུ། ཐཱན་ཆུ་འདྲེས་སྦྱོར་རྫས་བཅས་དབྱེ་ཕྲལ་བྱས་ན། འཚོ་རྒྱུ་དང་གཏེར་རྒྱུ་སོགས་འཚོ་བཅུད་ཀྱི་གྲུབ་རྒྱུ་ཤོར་བར་བྱེད་ཅིང་གཏོར་བརླག་ཆེས་ཆེར་ཐེབས་པས། འཚོ་བཅུད་ཀྱི་རིན་ཐང་ཚབས་ཆེར་ཇེ་དམའ་རུ་འགྲོ་ཞིང་། ཐ་ན་བཟའ་མི་རུང་བའི་ཚད་དུ་སླེབས་པས་ན་དེར་ཟས་རིགས་རུལ་མྱགས་སུ་གྱུར་པ་ཟེར། རུལ་མྱགས་སུ་གྱུར་པའི་ཟས་རིགས་ནི་སྐྱེ་དངོས་ཕྲ་རབ་ལ་སྦགས་བཙོག་ཚབས་ཆེན་ཐེབས་པ་ལས། ནད་འབུ་ཕྲ་མོ་དང་དུག་སྐྱེད་འབུ་ཕྲར་འཚོ་གནས་ཀྱི་གོ་སྐབས་ཐོབ་པར་གྱུར་པ་དང་། ནད་འབུ་ཕྲ་མོ་དང་དུག་སྐྱེད་འབུ་ཕྲ་རྣམས་སྐྱེ་འཕེལ་མང་དུ་འབྱུང་ཐུབ་པར་གྱུར་པས། ཟས་དེའི་རིགས་བསྟེན་རྗེས་ཟས་ཁུངས་རང་བཞིན་གྱི་ན་ཚ་བསྐྱེད་པ་རེད། རུལ་མྱགས་སུ་གྱུར་པ་ལས་དབྱེ་ཕྲལ་བྱུང་བའི་ཐོན་དངོས་ཁ་ཅིག་གིས་དུག་རྒྱུ་གཞན་པ་ཡང་བསྐྱེད་དེ། དཔེར་ན། བུར་ཤིང་རུལ་བ་ཡིས་གློ་བུར་དུ་དུག་ཕོག་པར་བྱེད་པ་དང་། དུས་ཡུན་རིང་པོར་རླམ་སེར་དུག་རྒྱུ་དང་སྔོ་རླམ་དུག་རྒྱུ་འདྲེས་པའི་ཟས་རིགས་བསྟེན་ཚེ། ལུས་ཀྱི་དོན་སྣོད་ལ་དལ་གཤིས་ཅན་གྱི་གནོད་སྐྱོན་བཟོ་བ་རེད།
གསུམ། ཟས་རིགས་རུལ་མྱགས་སུ་འགྱུར་བ་ཇི་ལྟར་སྔོན་འགོག་བྱེད་དགོས་སམ།
ཟས་རིགས་ཉར་ཚགས་ཀྱི་རྩ་བའི་ཐབས་ཤེས་ནི་ཟས་རིགས་ཀྱི་དྲོད་ཚད་དང་ཆུ། pH སིམ་གནོན་བཅས་བསྒྱུར་བཀོད་བྱེད་པ་དང་ཡང་ན་ནད་འབུ་སེལ་ཐབས་གཞན་པ་སྤྱད་དེ། ཟས་རིགས་ཁྲོད་ཀྱི་སྐྱེ་དངོས་ཕྲ་རབ་མེད་པར་བཟོ་བའམ་དེའི་སྐྱེ་འཚར་གྱི་ནུས་པ་ཇེ་ཆུང་དུ་གཏོང་བ་དེ་ཡིན། དོན་དམ་པར། ཟས་རིགས་སྣ་ཚོགས་ཀྱི་ཉར་ཚགས་བྱེད་ཐབས་གང་ཞིག་ཡིན་རུང་སྐྱེ་དངོས་ཕྲ་རབ་ཡོངས་སུ་རྩ་མེད་དུ་གཏོང་མི་ཐུབ་ཅིང་། སྐྱེ་དངོས་ཕྲ་རབ་ཀྱི་སྐྱེ་འཚར་ལ་དགོས་པའི་དུས་ཚོད་ཇེ་རིང་དུ་བཏང་བ་ཁོ་ན་ཙམ་ཡིན་ལ། དེ་ལས་ཟས་རིགས་རུལ་མྱགས་སུ་འགྱུར་བར་སྔོན་འགོག་བྱེད་པའི་དམིགས་ཡུལ་དུ་སླེབས་པར་བྱེད་པ་ཡིན། རྒྱུན་མཐོང་གི་ཟས་རིགས་ཉར་ཚགས་བྱེད་ཐབས་ལ་གཤམ་གྱི་རིགས་འགའ་ཡོད།
དྲོད་ཚད་དམའ་སར་ཉར་ཚགས་བྱེད་པ་སྟེ། གྲང་ཉར་དང་འཁྱགས་བསྒྱུར་བྱེད་སྟངས་འདུ།
རྫས་འགྱུར་ལ་བརྟེན་ནས་ཉར་ཚགས་བྱེད་པ་སྟེ། ཚྭ་བསྙལ་དང་། ཧྭགས་དྲེག སྐྱུར་རྩི། རུལ་འགོག་རྫས་ལ་བརྟེན་ནས་ཉར་ཚགས་བྱེད་པ་བཅས་འདུ་བ་ཡིན།
སྐེམ་ཞིང་ཆུ་ཕུད་དེ་ཉར་ཚགས་བྱེད་པ།
ཚ་བརྟེན་སྲིན་འཇོམས་ལ་བརྟེན་ནས་ཉར་ཚགས་བྱེད་པ།
བཞི། ཅི་ཞིག་ལ་ཟས་ཁུངས་རང་བཞིན་གྱི་ནད་ཟེར་བ་ཡིན།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)ཀྱིས་ཟས་ཁུངས་རང་བཞིན་གྱི་ནད་ཅེས་པ་ནི“བསྟེན་པའི་ཟས་རྣམས་མིའི་ཁོག་པར་སོང་རྗེས་ནད་རིགས་བསྐྱེད་བྱེད་ཀྱི་རྒྱུ་སྣ་ཚོགས་སུ་གྱུར་བ་ལས་བསྐྱེད་པ་ཡིན་ལ། རྒྱུན་པར་འགོས་ཁྱབ་བམ་དུག་ཕོག་པའི་ངོ་བོ་ཅན་གྱི་ནད་རིགས་ཤིག་ཡིན”ཞེས་པའི་མཚན་ཉིད་བཀོད་ཡོད་དེ། ཟས་ཀྱི་འཇུ་ལམ་ནས་ནད་རྒྱུའི་དངོས་རྫས་དེ་མིའི་ལུས་སྟེང་དུ་དྲངས་པ་ལས་དུག་ཕོག་པའམ་འགོས་ཁྱབ་རང་བཞིན་གྱི་ནད་བསྐྱེད་པ་ལ་ཟེར་ཞིང་། ཟས་ཁུངས་རང་བཞིན་གྱི་ནད་ལ་སྲོལ་རྒྱུན་གྱི་ཟས་དུག་ཕོག་པའི་ནད་འདུ་བར་མ་ཟད། ད་དུང་ཟས་རིགས་བརྒྱུད་ནས་འགོས་ཁྱབ་བྱུང་བའི་ཕོ་རྒྱུའི་འགོས་ནད་དང་། ཟས་ཁུངས་རང་བཞིན་གྱི་གཞན་བརྟེན་སྲིན་བུའི་ནད། མི་ཕྱུགས་ཐུན་མོང་གི་འགོས་ནད། ཟས་མ་འཕྲོད་པ་དང་བཅས་པ་ཡང་འདུ་བ་ཡིན།
《བདེ་འཇགས་ཀྲུང་གོའི2030ལོའི་འཆར་འགོད་རྩ་གནད》ནང་། ཟས་རིགས་བདེ་འཇགས་ལྟ་ཞིབ་ལ་ཤུགས་བསྣན་ཏེ། ཟས་རིགས་བདེ་འཇགས་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཟས་རིགས་བདེ་འཇགས་ཚད་གཞི་དང་རྒྱལ་སྤྱིའི་ཚད་གཞི་གཉིས་གཞི་རྩའི་སྟེང་འབྲེལ་མཐུད་ཡོང་བ་མངོན་འགྱུར་བྱེད་དགོས་པ་བསྟན་ཡོད།
ལྔ། ཟས་རིགས་ཀྱིས་བསླང་བའི་ནད་ཡམས་ཇི་ལྟར་སྔོན་འགོག་བྱེད་དགོས།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤྱི་དམངས་ཀྱི་བདེ་ཐང་ཆུ་ཚད་ཇེ་མཐོར་གཏོང་བའི་ཆེད་དུ། ཞིབ་ཕྲ་དང་སྤྱོད་གོ་ཆོད་པའི་བདེ་ཐང་ཕྱོགས་སྟོན་ཏེ་ཟས་རིགས་བདེ་འཇགས་ཀྱི་གཙོ་གནད་ཆེན་མོ་ལྔ་བཏོན་ཡོད།
གཅིག གཙང་སྦྲ་བྱེད་དགོས་པ།
“ཟ་མ་མ་ཟོས་གོང་དང་ཟོས་རྗེས་སུ་ལག་པ་བཀྲུ་དགོས་པ”ནི་ཁྱོད་རང་ཆུང་ངུའི་དུས་ནས་ཤེས་སྲིད། དེ་ལས་གཞན་ད་དུང་ཟ་མ་མ་ལས་གོང་དང་ལས་དུས་སུ་ཡང་ལག་པ་བཀྲུ་རྒྱུར་མཉམ་འཇོག་དགོས་ལ། ཟ་མ་ཚོས་རློན་གཉིས་ཀ་བརྗེ་སྤོར་བྱེད་པའི་བརྒྱུད་རིམ་ཁྲོད་ལྷག་པར་མཉམ་འཇོག་དགོས། ཐབ་ཚང་གི་ཅ་ལག་དག་གཙང་མ་བྱེད་དགོས་ཏེ། དཔེར་ན། དཀར་ཡོལ་དང་ཐུར་མ། ཐུར་ཁུག གྲི། ཤིང་ལེབ། ཐབ་ཕྱིས་སོགས་ཀྱི་གཙང་སྦྲ་ལ་མཉམ་འཇོག་བྱས་ཏེ། དེ་དག་སྦགས་བཙོག་གི་འབྱུང་ཁུངས་སུ་འགྱུར་དུ་འཇུག་མི་རུང་། ཐབ་ཚང་དང་ཟས་རིགས་ཉར་འཇོག་བྱེད་ས་རུའང་འབུ་དང་ཙི་གུ་ཡོང་བར་སྔོན་འགོག་བྱེད་དགོས་ལ། ཁྱིམ་གསོས་སྲོག་ཆགས་ཀྱང་ཐབ་ཚང་དུ་རྩེ་རུ་འཇུག་མི་རུང་།
གཉིས། ཟ་མ་ཚོས་རློན་དགར་ནས་འཇོག་དགོས།
འདིར་བཤད་པའི“ཚོས་མ”ཞེས་པ་ནི་གཏུབ་རྗེས་ཐད་ཀར་ཟོས་ཆོག་པའི་ཟ་མ་ལ་གོ་སྟེ། དཔེར་ན་ཚག་ཤ་ལྟ་བུ། “རློན་པ”ཞེས་པ་ནི་གཏུབ་རྗེས་ད་དུང་བཙོ་དགོས་པའི་རིགས་ལ་ཟེར། ཚོས་རློན་དགར་བ་ནི་ཟས་རིགས“རློན་པ”ཡི་སྟེང་དུ་ཡོད་སྲིད་པའི་འབུ་ཕྲ་རྣམས་ཟས་རིགས“ཚོས་མ”ཡི་སྟེང་དུ་འགོས་ཏེ་ཟས་རྐྱེན་ལས་བྱུང་བའི་ནད་ཡམས་སྔོན་འགོག་བྱེད་ཆེད་ཡིན། འདིར་བརྗོད་པའི་དགར་བ་ནི་རིགས་དེ་གཉིས་ཐུག་ཏུ་མི་འཇོག་པ་རྐྱང་རྐྱང་མ་ཡིན་པར། ད་དུང་ཤིང་ལེབ་དང་གཏུབ་གྲིའི་རིགས། སྣོད་ཅ་ལག་ཡོད་ཚད་ཀྱང་སོ་སོར་དགར་ནས་འཇོག་དགོས་པ་དེ་ཡིན།
གསུམ། ཚོས་ཐག་ཆོད་དུ་འཇུག་པ།
ཚོས་ཐག་ཆོད་དུ་འཇུག་ན་སྤྱིར་བཏང་དུ་སྐར་མ10ནས15དགོས་ལ། གལ་ཏེ་ཤ་ཆེན་པོ་ཞིག་ཡིན་ཚེ། (དཔེར་ན་བྱ་ཤ་ཧྲིལ་བོ་གཅིག) ཚོས་ཐག་ཆོད་པའི་དུས་ཚོད་དེ་ལས་ཀྱང་རིང་བ་ཡིན།
བཞི། བདེ་འཇགས་ཀྱི་དྲོད་ཚད་སྲུང་འཛིན་བྱེད་པ།
ནད་སྐྱེད་ཕྲ་ཕུང་མང་ཤོས་ཤིག་ནི་དྲོད་ཚད་མཐོ་བའི་ཁོར་ཡུག་ལ་དགའ་བ་དང་། 70℃ལས་མཐོ་བའམ5℃ལས་དམའ་བར་གྱུར་ཚེ་འབུ་ཕྲ་དག་གསོན་དཀའ་བ་ཡིན། སྤྱིར་བཏང་དུ། ཟས་རིགས70℃ཡི་ཡན་དུ་ཉར་ཚགས་བྱེད་མི་སྲིད་དེ། ང་ཚོས་གཙོ་བོ་འཁྱགས་སྒམ་གྱི་དྲོད་ཚད་དམའ་མོར་འཇོག་གིན་ཡོད་མོད། འོན་ཀྱང་འཁྱགས་སྒམ་ཡང་ཉེན་སྲུང་སྒམ་མིན་པས། འབུ་ཕྲ་ཉུང་ཤས་ཤིག་དྲོད་ཚད་དམའ་མོ་རུའང་སྐྱེ་འཚར་བྱེད་ཐུབ། དཔེར་ན། ལི་སི་ཐེ་རིགས་ཀྱི་འབུ་ཕྲ་ལྟ་བུ། དེའི་རྐྱེན་གྱིས་འཁྱགས་སྒམ་ནས་བླངས་པའི་ཟས་རིགས་དག་ངེས་པར་དུ་བསྲོས་ནས་ཟ་དགོས།
ལྔ། ཆུ་དང་ཟས་རིགས་བཟང་པོ།
ཟས་རིགས་བདེ་འཇགས་ཡིན་འདོད་ན་ཐོག་མར་རྒྱུ་ཆ་བདེ་འཇགས་ཡིན་དགོས། དྭངས་གཙང་གི་རང་འབབ་ཆུ་ཡིས་སིལ་ཏོག་དང་སྔོ་ཚོད་བཀྲུ་དགོས་ལ་ཟས་རིགས་ཀྱི་རྒྱུ་ཆ་གསར་པ་ཉོ་དགོས། ཉོ་ཐེངས་གཅིག་ལ་ཟས་རིགས་མང་པོ་མི་ཉོ་བ་དང་། སྤུས་ཚད་འགན་ལེན་གྱི་ཉིན་ཚོད་ཡོལ་བའི་ཟས་རིགས་མི་ཟ་བ་དང་། ཟས་རིགས་རུལ་བ་མར་གཡུགས་པར་སེར་སྣ་ཆེ་མི་རུང་།
དེ་མིན། ཟ་མ་རུལ་བ་དང་། གཙང་མ་མིན་པ། གནོད་ལྡན་དངོས་པོ་ཡོད་པའི་ཟས་རིགས་མི་ཉོ་ཞིང་མི་ཟ་བ་དང་། གར་འོང་མི་ཤེས་པའི་ཟས་རིགས་མི་ཟ་བ། བཟོ་གྲྭ་དང་བཟོ་གྲྭའི་ས་གནས་མེད་པ་དང་། སྤུས་ཚད་འགན་ལེན་གྱི་དུས་ཚོད་སོགས་མཚོན་རྟགས་མི་ཚང་བའི་ཟས་རིགས་མི་ཉོ་བ། འཛིན་ཡིག་མེད་པའི་ཚོང་ཁང་དང་གཙང་སྦྲ་མི་ལེགས་པའི་ཟ་ཁང་དུ་མི་འགྲོ་བ། སྲང་ལམ་དུ་འཚོང་བཞིན་པའི་ཟས་རིགས་དང་སྤུས་ཞན་སྐོམ་ཆུ་གང་འདོད་དུ་མི་ཉོ་བ། ཟ་མ་མ་ཟོས་གོང་དང་གཙང་སྤྱོད་བསྟེན་རྗེས་སུ་ལག་པ་བཀྲུ་བའི་གོམས་སྲོལ་ཆགས་སུ་འཇུག་པ། ཟ་མ་ཟ་དུས་བྲོ་བ་འགྱུར་ཡོད་པའི་ཟ་མར་འཕྲད་ན་མྱུར་དུ་ཟ་མཚམས་འཇོག་པ་བཅས་བྱེད་དགོས།