ཉེ་ཆར། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུ་ཉིང་སྐྱུར་བརྟག་དཔྱད་བྱེད་བཞིན་ཡོད་པས། མྱུར་སྐྱེལ་ལེན་པ་དང་སྒོ་ཕྱིར་འགྲོ་བ། ཉིང་སྐྱུར་བརྟག་དཔྱད་བྱས་ཚར་ནས་ཕྱིར་ཁྱིམ་དུ་ལོག་རྗེས་དུག་སེལ་ཇི་ལྟར་བྱ་དགོས་པ། ཁྱིམ་གྱི་ཅ་ལག་དག་ལ་དུག་སེལ་ཇི་ལྟར་བྱས་ན་ལེགས་པ་དང་དེར་མཉམ་འཇོག་དགོས་ས་གང་དག་ཡོད་དམ་ཞེ་ན།
གཅིག ཁྱིམ་ཚང་གི་རྒྱུན་ལྡན་དུག་སེལ།
དུག་སེལ་རྩ་དོན།
གཙང་སྦྲ་གཙོ་བོ་བྱས་ནས་དུག་སེལ་གྱིས་རམ་འདེགས་བྱ་དགོས། སྔོན་ལ་ཉི་མར་ལྡེ་བ་དང་ཚ་སྐེམ་བྱེད་པ་སོགས་ཀྱི་རྒྱུན་སྤྱོད་དུག་སེལ་གལ་ཆེ་ཞིང་། དུག་སེལ་བྱེད་སྐབས་ངེས་པར་དུ་མི་སྒེར་གྱི་འགོག་སྲུང་ལ་གཟབ་དགོས།
བྱེ་བྲག་གི་ཐབས།
ཉིན་རེར་ཐེངས་གཉིས་དང་ཐེངས་རེར་སྐར་མ་སུམ་ཅུའི་ཡན་ལ་སྒེའུ་ཁུང་ཕྱེས་ནས་རླུང་རྒྱུ་རུ་འཇུག་དགོས་ཤིང་། སྒོའི་ལྕགས་ལོང་དང་ཆུ་སྒོ་སོགས་ལ་ཆང་བཅུད་དང་དུག་སེལ་བརླན་ཤོག་གིས་ཕྱིས་ན་ལེགས། ཅོག་ཙེའི་ངོས། ཁང་བའི་མཐིལ་ཤིང་སོགས་ལ་ཆང་བཅུད་གཏོར་བའམ་ཡང་ན་ཕྱི་དོར་གང་ལེགས་བྱ་དགོས། གོན་པ་དང་མལ་ཆས་སོགས་རྒྱུན་དུ་བཀྲུ་བ་དང་སྐེམ་དགོས་ལ། ཟས་སྣོད་ཀྱི་རིགས་བཙོ་བའམ་ཡང་ན་དུག་སེལ་སྒམ་དུ་བཞག་ནས་དུག་སེལ་བྱ་རྒྱུ་གལ་ཆེ།
གཉིས། དུག་སེལ་བྱེད་ཐབས་ལེགས་པོ་འདེམས་པ།
བཙོ་བའི་ཐབས།
རྒྱུན་དུ་ཟས་སྣོད་ལ་དུག་སེལ་བྱེད་ཐབས་འདི་སྤྱད་ན་ལེགས། རྒྱུན་ལྡན་དུ་དུས་ཚོད་སྐར་མ་བཅོ་ལྔ་ནས་སུམ་ཅུར་བཙོས་ན་ཆོག བཙོས་ནས་དུག་སེལ་བྱེད་པའི་དུས་ཡུན་དེ་ཆུ་ཁོལ་གདུས་པ་ནས་ད་གཟོད་དུས་ཚོད་བརྩི་མགོ་རྩོམ་པ་ཡིན།
གཙང་ཕྱིས་བྱེད་ཐབས།
དུས་རྒྱུན་དངོས་པོ་སྲ་མཁྲེགས་ཅན་དང་། ཁོར་ཡུག་གི་དངོས་པོའི་ཕྱི་ངོས་ཏེ། དཔེར་ན་ཅོག་ཙེ་དང་མཐིལ་ཤིང་། སྒོའི་ལྕགས་ལོང་སོགས་ལ་དུག་སེལ་བྱེད་ཐབས་འདི་སྤྱོད་པ་ཡིན། དུག་སེལ་སྨན་ཆུ་གཏན་ཁེལ་ཚད་ཐིག་ལྟར་སྡེབ་པ་དང་། དེ་ནས་ལག་ཕྱིས་སོགས་དུག་སེལ་སྨན་ཆུར་སྦངས་རྗེས། དུག་སེལ་བྱ་དགོས་པའི་དངོས་པོའི་ཕྱི་ངོས་གཙང་མར་ཕྱི་དགོས།
སྦང་བའི་ཐབས།
སྣོད་སྡེར་མ་སོགས་དང་བྱིས་པའི་རྩེད་ཆས། རྒྱུ་རས་ཡིན་པའི་དངོས་པོ་སོགས་ལ་རྒྱུན་དུ་དུག་སེལ་བྱེད་ཐབས་འདི་སྤྱོད་དགོས་པ་ཡིན། དུག་སེལ་སྨན་ཆུ་གཏན་ཁེལ་གྱི་ཚད་གཞི་ལྟར་བསྡེབས་ནས། དུག་སེལ་བྱ་དགོས་པའི་དངོས་རྫས་ནང་དུ་སྦངས་ནས་དུས་ཚོད་སྐར་མ་སུམ་ཅུ་འགོར་རྗེས་ཕྱིར་བླངས་ཏེ་ཆུ་གཙང་མས་བཤལ་དགོས།
གསུམ། ཕྱི་ལ་སོང་བའམ་ཉིང་སྐྱུར་བརྟག་དཔྱད་ལ་སོང་ནས་ཕྱིར་ཁྱིམ་དུ་ལོག་དུས་དུག་སེལ་བྱེད་ཐབས།
ཕྱིའི་ལྭ་བ་ཕུད་དེ་རླུང་རྒྱུ་སར་འགེལ་དགོས་ཤིང་། གལ་ཏེ་ཁ་ཐུམ་ཡང་བསྐྱར་བཀོལ་དགོས་ཚེ་རླུང་རྒྱུ་སར་འགེལ་དགོས། དེ་ནས་དུས་ཐོག་ཏུ་འདག་རྫས་སོགས་ཀྱིས་ལག་པ་གཙང་མ་བཀྲུ་དགོས། ལྷམ་ངོས་དུག་སེལ་བརླན་ཤོག་གིས་ཕྱིས་ཆོག་ལ། ལག་ཁྱེར་ཁ་པར་དང་ལྡེ་མིག་སོགས75%ཅན་གྱི་ཆང་བཅུད་ལ་སྦངས་པའི་སྲིང་བལ་དང་ཡང་ན་དུག་སེལ་བརླན་ཤོག་གིས་ཕྱི་དགོས།
བཞི། མྱུར་སྐྱེལ་དུག་སེལ་བྱེད་ཐབས།
འབྲེལ་འདྲིས་མི་བྱེད་པའི་སྒོ་ནས་དངོས་པོ་ལེན་པ་དང་། དངོས་པོ་ལེན་སྐབས་ངེས་པར་དུ་ཁ་ཐུམ་བརྒྱབ་ནས་ལག་ཤུབས་གྱོན་དགོས། ཕྱི་ཐུམ་ལ་དུག་སེལ་སྨན་ཆུ་གཏོར་ནས་དུག་སེལ་བྱེད་པའམ་དང་ཡང་ན་དུག་སེལ་བརླན་ཤོག་གིས་དུག་སེལ་བྱས་རྗེས་དུས་ཚོད་སྐར་མ་བཅུ་ནས་སུམ་ཅུ་ལ་འཇོག་དགོས། ཤོག་སྒམ་དང་ཁུག་མ་སོགས་སྒོའི་ཕྱི་རོལ་དུ་འཇོག་པའམ་ཡང་ན་གད་སྙིགས་སྒམ་དུ་འཕེན་དགོས། ཤ་སོགས་ཟས་རིགས་རློན་པ་དང་སྔོ་ཚོད་སོགས་ཀྱི་རིགས་ཆུ་ཡིས་གཤལ་བ་དང་ཡང་ན་ཆུར་སྦངས་ནས་བཀྲུ་དགོས། དེའི་རྗེས་རང་གི་ལག་པ་དུས་ཐོག་ཏུ་འདག་རྫས་ཀྱིས་ལག་པ་བཀྲུ་བའི་གོ་རིམ་བདུན་ལྟར་གཙང་མར་བཀྲུ་དགོས།
ལྔ། དུག་སེལ་སྨན་ཆུ་བེད་སྤྱོད་སྐོར་གྱི་གཟབ་བྱ།
ཆང་བཅུད་བསྲེས་ཡོད་པའི་དུག་སེལ་སྨན་ཆུ་ཁྱབ་ཆེ་བའི་སྒོ་ནས་གཏོར་མི་རུང་། རྒྱུན་དུ་བསིལ་གྲིབ་དང་ཉི་འོད་མི་ཕོག་སར་འཇོག་དགོས། 84དུག་སེལ་སྨན་ཆུ་ནི་དུག་སེལ་སྨན་ཆུ་གཞན་པ་དང་བསྲེ་མི་རུང་། དུག་སེལ་སྨན་ཆུ་མིའི་ལུས་ཐོག་ཏུ་ཐད་ཀར་གཏོར་མི་ཉན། གྱོན་པའི་སྟེང་ཏུ་དུག་སེལ་སྨན་ཆུ་གཏོར་ན་ཕལ་ཆེར་གོ་མི་ཆོད་པ་དང་ད་རུང་ཉེན་ཁ་འབྱུང་སྲིད། བཙོག་ཆུའི་སྦུག་ལམ་དུ་དུག་སེལ་སྨན་ཆུ་དང་དུག་སེལ་སྨན་རྫས་འབོར་ཆེན་འབོ་མི་རུང་།།
རྩོམ་སྒྲིག་པ། འབྲུག་མོ།