ཅི་ཞིག་ལ་ལང་ཚོ་ཉམས་པའི་དུས་རིམ་ཟེར་རམ།
2022.05.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

ལང་ཚོ་ཉམས་པའི་དུས་རིམ(更年期)ཞེས་པ་དེ་ལ་ཟླ་མཚན་ཆད་པའི་དུས་རིམ་ཡང་ཟེར། དེ་ནི་བུད་མེད་ཀྱི་བསམ་སེའུ་ཡི་བྱེད་ལས་ཉམས་རྒུད་དུ་སོང་སྟེ་རྒན་པའི་དུས་རིམ་ལ་མ་ཞུགས་སྔོན་གྱི་བར་བརྒལ་དུས་རིམ་ཞིག་ཡིན། དེའི་སྐབས་སུ་བུད་མེད་རྣམས་ལ་གཉིད་མི་ཡོང་བ་དང་སེམས་མི་སྐྱིད་པ་སོགས་ཀྱི་ནད་རྟགས་སྣ་མང་འབྱུང་བ་ཡིན། མི་སུ་དང་སུ་ཞིག་ཡིན་རུང་ལང་ཚོ་ཉམས་པའི་དུས་ཤིག་ཡོད་པས། དུས་རིམ་དེ་ཇི་ལྟར་བརྒལ་རྒྱུ་ནི་བུད་མེད་ཡོངས་ཀྱིས་ཐུགས་ཁུར་བྱེད་ཀྱིན་པའི་གནད་དོན་ཞིག་རེད།

གཅིག སེམས་ཁམས་སྙོམས་སྒྲིག་བྱེད་ཤེས་དགོས། བུད་མེད་རྣམས་ཀྱིས་ལང་ཚོ་ཉམས་པའི་དུས་རིམ་དེར་ངོས་འཛིན་ལེགས་པོ་བྱེད་དགོས། སེམས་ཁམས་སྙོམས་སྒྲིག་བྱེད་ཤེས་པར་བྱས་ཏེ། མི་སུ་དང་སུ་ཞིག་ཡིན་རུང་ལང་ཚོ་ཉམས་པའི་དུས་རིམ་དེ་བརྒྱུད་དགོས་པ་ཤེས་དགོས་མོད། འོན་ཀྱང་ཚང་མར་ནད་རྟགས་འབྱུང་བའི་ངེས་པ་མེད་པས་སྐྲག་དགོས་དོན་ཅི་ཡང་མེད།

གཉིས། ལུས་སྦྱོང་འོས་འཚམ་བྱེད་པ། རླུང་སྒོམ་པ་དང་ཐའེ་ཅི་དྲག་རྩལ་སྦྱོང་བ་སོགས་ཀྱི་ལུས་སྦྱོང་བྱེད་དགོས་མོད། འོན་ཀྱང་ཚད་དང་རན་པ་ལས་ངལ་དུབ་འབྱུང་དུ་འཇུག་མི་རུང་། ལུས་སྦྱོང་བྱས་རྗེས་ལུས་པོ་བདེ་ཞིང་སེམས་ཁམས་སྐྱིད་པོ་འབྱུང་བ་ཙམ་གྱིས་ཆོག་གོ།

གསུམ། ཁྱིམ་མིས་རྒྱབ་སྐྱོར་བྱེད་དགོས། བཟའ་ཟླ་དང་བུ་ཕྲུག་རྣམས་ཀྱིས་བསམ་ཤེས་སྒོམ་པ་དང་། སེམས་གསོ་དང་རོགས་རམ་བྱེད་དགོས། དེ་ལྟར་བྱས་ན་ལང་ཚོ་ཉམས་པའི་དུས་རིམ་གྱི་བུད་མེད་རྣམས་སེམས་ཁམས་བདེ་ལ་འབབ་པར་ཕན་ཐོགས་ཡོད།

བཞི། སེམས་ཁམས་གསོ་བ། སེམས་ཁམས་སྟེང་གནད་དོན་བྱུང་སྟེ་རང་ཉིད་ཀྱིས་སྙོམས་སྒྲིག་བྱེད་དཀའ་ན། ཆེད་ལས་ཀྱི་སྨན་པ་བཙལ་ཏེ་རོགས་རམ་བྱེད་དུ་འཇུག་དགོས།

ལྔ། སྨན་རྫས་ཀྱིས་གསོ་བ། སྨན་རྫས་ལ་རིགས་སྣ་མང་པོ་ཡོད་པས། སྨན་པའི་ངག་ལྟར་བསྟེན་དགོས།

དྲུག ཀྲུང་ལུགས་ཀྱིས་གསོ་བ། ཀྲུང་ལུགས་སྨན་པའི་མདུན་ནས་ནད་གཞི་ངོས་འཛིན་བྱས་རྗེས། ཀྲུང་སྨན་འཐུང་བ་དང་ཡང་ན་བསྐུ་མཉེ་བྱེད་པ་དང་མེ་བཙའ་འཇོག་པ་སོགས་བྱེད་དགོས།

བདུན། དངོས་ལུགས་ཀྱིས་གསོ་བ། ཀླད་གློག་སྐྱེ་དངོས་ལྡོག་སྐྱེལ་གྱི་གསོ་བཅོས་བྱེད་སྟངས་དེ་ནད་ཐོག་ལག་ལེན་ཁྲོད་རྒྱ་ཁྱབ་སྒོས་བཀོལ་སྤྱོད་བྱེད་ཀྱིན་ཡོད།

བརྒྱད། གླུ་དབྱངས་ཀྱིས་གསོ་བ། གླུ་དབྱངས་ཀྱིས་གསོ་བའི་དུས་ཡུན་སྤྱིར་བཏང་གིས་སྐར་མ་སུམ་ཅུ་ཡས་མས་ཡིན་དགོས་པ་ལས། དུས་ཡུན་རིང་མི་རུང་ལ་སྒྲ་མཐོ་མི་རུང་བར་མ་ཟད། ཉིན་རེར་ཐེངས་གཅིག་ནས་གཉིས་ཙམ་ལ་ཉན་པས་ཆོག་གོ །

རྩོམ་སྒྲིག་པ། འབྲུག་མོ།