གཅིག སྦྲུམ་མས་ལུས་སྦྱོང་མ་བྱས་པའི་སྔོན་དུ་བདེ་འཇགས་བྱེད་ཐབས་གང་དག་སྤྱོད་དགོས་སམ།
ཐོག་མར་བརྟག་དཔྱད་བྱ་བ་ལེགས་པོར་བསྒྲུབ་དགོས། མངལ་སྦྲུམ་པའི་དུས་མགོར་བརྟག་དཔྱད་བཏང་བའི་མཇུག་འབྲས་གཞིར་བཟུང་ནས། སྨན་པས་མངལ་གནས་བྱིས་པ་བདེ་ཐང་ཡིན་མིན་དང་སྦྲུམ་མས་ལུས་སྦྱོང་བྱེད་ཆོག་མིན་ཐག་གཅོད་བྱས་ཆོག
མངལ་སྦྲུམ་པའི་དུས་ཡུན་ནང་ལུས་ཕུང་སྦྱོང་བརྡར་བྱེད་སྐབས། སྦྲུམ་མས་ལྭ་བ་ཁོད་ཆེ་བའི་རིགས་དང་། ལྷམ་གྱི་ངོས་སྙོམས་པོ་ཡིན་པ། འགུལ་སྐྱོད་དང་འཚམ་པའི་གྱོན་ཆས་གོན་ནས་ལུས་ཕུང་སྦྱོང་བརྡར་བྱེད་དགོས། མངལ་སྦྲུམ་པའི་སྐབས་སུ་སྦྲུམ་མའི་ལུས་ཀྱི་སྐུལ་རྒྱུ་ལ་འགྱུར་ལྡོག་བྱུང་བའི་དབང་གིས་ཤ་གྲིམ་དང་ལྷུ་ཚིགས་ཅུང་ལྷོད་པོར་སོང་ཡོད། གལ་ཏེ་འགུལ་སྐྱོད་མ་བྱས་པའི་སྔོན་ལ་གྲ་སྒྲིག་ལུས་སྦྱོང་མ་བྱས་ཚེ། འགུལ་སྐྱོད་བྱེད་པའི་གོ་རིམ་ཁྲོད་དུ་ཤ་གྲིམ་དང་ལྷུ་ཚིགས་ལ་རྨས་སྐྱོན་ཐེབས་སླ་བས། འགུལ་སྐྱོད་སྔོན་ལ་གྲ་སྒྲིག་ལུས་སྦྱོང་ཡག་པོ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ།
འགུལ་སྐྱོད་བྱེད་སའི་གནས་གཙང་ཞིང་ལྷིང་འཇགས་ཡིན་པ་དང་། སྐྱིད་སྣང་དང་ལྡན་དགོས། ངལ་གསོ་བའི་སྐབས་སུ་ངལ་གསོ་ལེགས་པོ་བྱེད་པ་དང་ཆུ་མང་པོ་འཐུང་དགོས།
ལུས་སྦྱོང་རྣམ་གྲངས་འདེམ་དུས་མཉམ་འཇོག་བྱེད་དགོས་ལ། མཆོང་ལྡིང་དང་གཡོ་འགུལ་རང་བཞིན་གྱི་འགུལ་ཚད་ཆེ་བའི་འགུལ་སྐྱོད་རིགས་གཏན་ནས་བྱེད་མི་རུང་། མཆོང་ལྡིང་དང་གཡོ་འགུལ་ཆེ་བའི་འགུལ་སྐྱོད་ཀྱིས་སྦྲུམ་མའི་ལུས་པོ་བརྟན་པོར་ཡོང་དཀའ་བས། ཤུད་པའམ་ཡང་ན་དངོས་པོར་ཐོགས་པའི་སྐབས་སུ་ཐང་ལ་འགྱེལ་བའི་ཉེན་ཁ་ཆེ་བར་མ་ཟད། བུ་སྣོད་ཇེ་ཆུང་དུ་འགྲོ་བའམ་བུ་སྣོད་ནང་ཆུ་ཟགས་པའི་ཉེན་ཁ་ཡོད་ལ། ཐ་ན་མངལ་ཤོར་བའི་ཉེན་ཁའང་ཤིན་ཏུ་ཆེ། རྒྱུན་པར་འགུལ་སྐྱོད་བྱེད་སྐབས་རང་ཉིད་ཀྱི་གཉེན་ཉེ་གྲོགས་པོ་དང་མཉམ་དུ་ལུས་སྦྱོང་རྣམ་གྲངས་ནང་ཞུགས་པར་གོམས་དགོས།
རྒྱུན་ལྡན་གྱི་མིས་དུས་ཡུན་སྐར་མ་སུམ་ཅུའི་ཡན་ལ་ལུས་ཕུང་སྦྱོང་བརྡར་བྱེད་པ་དང་། སྦྲུམ་མས་སྐར་མ་བཅོ་ལྔ་ནས་ཉི་ཤུའི་བར་ཚོད་འཛིན་བྱས་ནས་ངལ་གསོ་བྱེད་པ་ལས། བསྟུད་མར་འགུལ་སྐྱོད་བྱེད་པའི་ལས་ལ་ཞུགས་མི་རུང་། འགུལ་སྐྱོད་བྱེད་ཚད་དང་དུས་ཡུན་རིང་དྲགས་ན་ལུས་པོ་ཐང་ཆད་པ་དང་སྙིང་གི་འཕར་ལྡིང་རྒྱུན་ལྡན་མིན་པར་འགྱུར་སླ། དེ་བས་མངལ་སྦྲུམ་པའི་སྐབས་སུ་འགུལ་སྐྱོད་བྱེད་པ་ནི་ལུས་པོའི་ཤ་གྲིམ་ལ་ཕན་པའི་སྦྱོང་བརྡར་ལས་ལུས་པོའི་ཚིལ་སྣ་ཇེ་ཉུང་དུ་གཏོང་ཆེད་མིན་པ་ཤེས་དགོས།
རང་ཉིད་དང་འཚམ་པའི་ལུས་སྦྱོང་བྱེད་དགོས། སྦྲུམ་མས་འགུལ་སྐྱོད་བྱེད་པའི་གོ་རིམ་ཁྲོད་ལུས་པོ་ཐང་ཆད་པ་དང་། ངལ་དུབ་ཀྱིས་མནར་མི་རུང་། སྦྲུམ་མ་ལ་ལས་ལུས་ནས་རྔུལ་ཆུ་ཐོན་པའི་བར་དུ་ལུས་སྦྱོང་བྱས་ན་ཕན་པ་ཆེ་བར་འདོད་པ་ནི་ནོར་འཁྲུལ་ཞིག་རེད། སྤྱིར་བཏང་དུ་མངལ་སྦྲུམ་པའི་བུད་མེད་ཅིག་ལ་མཚོན་ན། ལུས་སྦྱོང་བྱེད་པའི་དམིགས་ཡུལ་ནི་ལུས་སེམས་བདེ་ལ་འབབ་རྒྱུ་དེ་ཡིན།
ཁོག་སྟོང་དུ་ལུས་སྦྱོང་བྱེད་མི་རུང་། ཟ་མ་མ་ཟོས་ན་ལུས་སྟེང་དུ་བཅུད་དམ་མངར་ཆའི་རིགས་འདང་ངེས་ཤིག་མེད་པས། མངལ་གནས་བྱིས་པ་འཚར་ལོངས་འབྱུང་བར་ཕན་པ་མེད། དེའི་ཕྱིར། འགུལ་སྐྱོད་ཀྱི་སྔོན་ལ་མངར་སོབ་བག་ལེབ་དང་ཤིང་ཏོག་གི་ཁུ་བའི་རིགས་འཐུང་དགོས། །
གཉིས། སྦྲུམ་མར་མི་འཚམ་པའི་ཡོ་གའི་རྩེད་སྟངས་གང་དག་ཡོད་དམ།
མངལ་སྦྲུམ་པའི་བུད་མེད་རྣམས་ཀྱིས་ཡོ་ག(瑜伽)སྦྱོང་འདོད་ཚེ་སྨན་པ་དང་ཆེད་ལས་དགེ་རྒན་གྱི་མཛུབ་སྟོན་འོག་སྦྱོང་བ་ལས་གང་འདོད་དུ་སྦྱོང་མི་རུང་། སྦྲུམ་མས་ཡོ་ག་སྦྱོང་བའི་སྐབས་སུ་ས་ལ་འགྱེལ་བར་དོགས་ཟོན་བྱེད་དགོས། དུས་ཡུན་རིང་པོར་སྐེད་པ་སྒུར་བ་དང་ཉེན་ཁ་ཆེ་བའི་འགུལ་སྐྱོད་མི་བྱེད་པར་རང་གིས་རང་གི་ལུས་པོར་སྲུང་སྐྱོབ་བྱེད་དགོས། སྦྲུམ་མས་ཡོ་ག་སྦྱོང་སྐབས་གཤམ་གྱི་རིགས་འགའ་ལ་མཉམ་འཇོག་བྱེད་དགོས་པ་སྟེ།
1.ལུས་པོ་མདུན་དུ་སྒུར་བ་དང་སྐེད་པ་རྒྱབ་ཕྱོགས་སུ་དགྱེ་བ་ཚད་ལས་བརྒལ་མི་རུང་། ལུས་པོ་མདུན་དུ་སྒུར་བ་དང་སྐེད་པ་སྒུར་བ་ཚད་ལས་བརྒལ་ཚེ་བུ་སྣོད་དང་འབྲེལ་བའི་ཁྲག་རྩ་དང་དབང་རྩར་བཙིར་གནོན་ཐེབས་སྲིད། ཁྲག་རྒྱུན་རྒྱུན་ལྡན་ངང་འཁོར་སྐྱོད་ཡོང་བར་འགན་སྲུང་བྱེད་ཆེད། རྐང་པ་གཉིས་སོ་སོར་གྱེས་པའམ་སྔོན་དུ་བསྲིངས་ནས་དགྱེ་སྒུར་བྱས་ན་གསུས་ཁོག་བཙིར་གནོན་སོགས་ཀྱི་གནད་དོན་འབྱུང་མི་སྲིད།
2.ལུས་པོ་ཕར་འཁོར་ཚུར་འཁོར་བྱེད་པར་སེམས་ཆུང་བྱེད་དགོས། ལུས་པོ་ཕར་འཁོར་ཚུར་འཁོར་བྱེད་དུས་ཤུགས་འདོན་ཚད་ཆེ་ན། ལུས་སྟེང་གི་ཁྲག་རྒྱུན་འཁོར་སྐྱོད་བྱེད་ཚད་ཇེ་ཉུང་དུ་འགྲོ་བའི་སྣང་ཚུལ་ཐོན་སྲིད་པས་སེམས་ཆུང་བྱེད་དགོས།
3.མངལ་སྦྲུམ་པའི་སྐབས་སུ་དུས་ཡུན་རིང་པོར་མལ་ཁྲིའི་སྟེང་གན་རྐྱལ་དུ་ལོག་པའི་གོམས་གཤིས་དེ་དོར་དགོས། བུ་སྣོད་ཀྱི་ཐེག་ཚད་རིམ་གྱིས་ཇེ་མཐོར་སོང་ནས་མངལ་གནས་བྱིས་པའི་ཁྲག་གི་རྒྱུ་བ་དང་འཚོ་བཅུད་འདོན་སྤྲོད་བྱེད་པར་ཤན་ཤུགས་ཐེབས་ཀྱིན་ཡོད་པར་མ་ཟད། ད་དུང་ཁྲག་ཤེད་ཡར་འཕར་བའི་སྣང་ཚུལ་འབྱུང་བ་རེད། དེ་བས་སྦྲུམ་མ་གཉིད་པའི་སྐབས་སུ་རྩིབ་སྐྱོར་རམ་མལ་སྟན་སོགས་འཇོག་པ་ལས་དུས་ཡུན་རིང་པོར་གན་རྐྱལ་དུ་ལོག་ནས་གཉིད་པར་གོམས་མི་རུང་།
4.གསུས་ཁོག་རྐྱོང་བའི་འགུལ་སྟངས། གསུས་ཁོག་ཉིན་རེ་ནས་ཉིན་རེར་ཇེ་ཆེར་འགྲོ་བའི་སྐབས་སུ། གསུས་ཤས་ཐེག་པའི་གནོན་ཤུགས་ཇེ་ཆེར་སོང་ནས་གསུས་ཁོག་འགུལ་སྐྱོད་བྱེད་པར་གནོད་སྐྱོན་ཆེན་པོ་ཐེབས་ཀྱིན་ཡོད་པར་མ་ཟད། གསུས་ཤ་གས་ནས་འདེགས་སྐྱོར་རང་བཞིན་གྱི་ནུས་པ་ཇེ་ཞན་དུ་འགྲོ་བ་རེད། དེ་མིན་གསུས་ཤའི་གཞོགས་གཉིས་ཀྱི་ཤ་གནད་ཀྱི་སྦྱོང་བརྡར་ཚད་ལས་བརྒལ་ན་གསུས་ཤ་ལ་གནོད་པ་ཆེ་བས། གསུས་པའི་གཞོགས་ཀྱི་ཤ་གནད་སྦྱོང་བརྡར་ཡུན་རིང་པོར་བྱེད་མི་རུང་བ་དང་གསུས་ཤ་ས་ངོས་སུ་གླན་ནས་སྦྱོང་བརྡར་དེ་བས་ཀྱང་བྱེད་མི་རུང་།
5.ཕྱི་ཕྱོགས་སུ་སྐེད་པ་དགྱེ་ཚད་ཚད་ལས་བརྒལ་མི་རུང་། གལ་ཏེ་ཡོ་ག་སྦྱངས་ནས་ལོ་མང་པོ་འགོར་ཡོད་པའི་སྦྲུམ་མ་ཞིག་ཡིན་ན། ལུས་པོ་དགྱེ་སྒུར་གྱི་ལུས་སྦྱོང་བྱས་ན་དགེ་མཚན་ལྡན་མོད། ཐོག་དང་པོར་ཡོ་ག་སྦྱོང་མཁན་ལ་མཚོན་ན་སྐེད་པའི་རུས་ཚིགས་དེ་འདྲའི་མཉེན་མོ་མིན་པས་སྐེད་པ་དགྱེ་སྒུར་བྱེད་ཚད་ཚད་ལས་བརྒལ་ན་ཉེན་ཁ་ཤིན་ཏུ་ཆེ།
6.མགོ་རྟིང་སློག་པར་གཡོལ་དགོས། སྦྲུམ་མའི་ཕོ་བའི་བོངས་ཚད་ཆེ་སྟབས། མགོ་རྟིང་བསློགས་ན་བྲང་ཁོག་ལ་གནོན་ཤུགས་ཐེབས་ཀྱིན་ཡོད་པར་མ་ཟད། ད་དུང་མངལ་གནས་བྱིས་པའི་བདེ་ཐང་ལ་གནོད་པ་ཐེབས་སྲིད་པ་རེད།།
རྩོམ་སྒྲིག་པ། འབྲུག་མོ།