ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན། སློབ་གསོ་པུའི་གཞུང་ཕྱོགས་དྲ་ཚིགས་ཐོག་སྤྱི་ལོ་ཉིས་སྟོང་ཉེར་གཉིས་ལོའི་མཐོ་རྒྱུགས་སྐབས་ཀྱི་རིམས་ནད་སྔོན་འགོག་སྐོར་ལ་དྲན་སྐུལ་བཏང་ཡོད་པ་གཤམ་གསལ།
རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཡིག་རྒྱུགས་སྐབས་ཀྱི་ལས་དོན་མི་སྣའི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ངེས་པ་དོན་གྱིས་འགན་ལེན་བྱས་ཏེ་སྤྱི་ལོ2022ལོའི་རྒྱལ་ཡོངས་མཐོ་རྒྱུགས་བརྟན་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱ་ཆེད། སློབ་གསོ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཐོ་རྒྱུགས་སྐབས་ཀྱི་རིམས་འགོག་བྱ་བར་བཏོན་པའི་བླང་བྱ་ལྟར། ཉེ་ཆར། ས་གནས་ཁག་གིས་སྤྱི་ལོ2022ལོའི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་རྣམས་ལ་རྒྱུགས་ལེན་སྐབས་དོ་སྣང་བྱ་དགོས་སའི་སྐོར་གཅིག་རྗེས་གཉིས་མཐུད་ངང་ཁྱབ་བསྒྲགས་བྱེད་བཞིན་ཡོད། འདིར་སློབ་གསོ་པུས་ཡང་བསྐྱར་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་ཡོངས་ལ་དྲན་སྐུལ་བཏང་ཡོད་དེ།
གཅིག ཡིག་རྒྱུགས་སྔོན་གྱི་ཉིན14ཡི་རིང་གི་ས་གནས་དེ་གའི་བདེ་ཐང་ལྟ་ཞིབ་ཚད་ལེན་བྱ་བ་ཡག་པོ་བསྒྲུབ་དགོས། རྒྱུགས་སྤྲོད་སློབ་མ་ཡོངས་ཀྱིས་རྒྱུགས་སྤྲོད་ས་གནས་ཀྱི་རིམས་འགོག་བླང་བྱ་ཁྱོན་ཡོངས་ནས་ཤེས་རྟོགས་དང་བརྩི་སྲུང་ནན་མོ་བྱས་ཏེ་ཡིག་རྒྱུགས་སྔོན་གྱི་བསྟུད་མར་ཉིན14རིང་དུ་ས་གནས་དེ་གའི་བདེ་ཐང་ལྟ་ཞིབ་ཚད་ལེན་བྱ་བ་ཡག་པོ་བསྒྲུབ་དགོས་པ་དང་དགོས་མེད་ཀྱི་མཉམ་འཛོམས་དང་། ས་ཁོངས་གཞན་དུ་འགྲོ་བ་སོགས་ཇེ་ཉུང་དུ་གཏོང་དགོས། མི་ཚོགས་འདུ་ས་དང་རིམས་ནད་ཉེན་ཁ་ཆེ་འབྲིང་ཁུལ་དུ་འགྲོ་མི་རུང་། མིག་སྔར་ད་དུང་ཞིང་ཆེན་གཞན་དུ་ལུས་ཡོད་པའི་རྒྱུགས་སྤྲོད་སློབ་མ་ཚོས་རྒྱུགས་ར་ཡོད་སའི་འབྲེལ་ཡོད་སྡེ་ཚན་ལ་རང་ཉིད་ཀྱི་བདེ་ཐང་གནས་ཚུལ་དང་འགྲོ་འོང་གནས་ཚུལ་སོགས་དུས་ཐོག་ཏུ་སྙན་སེང་ཞུས་ནས་ཉིན14སྔོན་ནས་རྒྱུགས་སྤྲོད་སའི་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དུ་ཕྱིར་ལོག་དགོས།
གཉིས། ཡིག་རྒྱུགས་སྔོན་གྱི་བདེ་ཐང་ཞིབ་བཤེར་ལ་ཧུར་ཐག་གིས་གཞོགས་འདེགས་བྱ་དགོས། མཐོ་རྒྱུགས་སྔོན་དུ། རྒྱུགས་སྤྲོད་སློབ་མ་ཚོས་རྒྱུགས་ར་ཡོད་སའི་རྒྱུགས་ལེན་ལས་ཁུངས་ཀྱི་བྱ་བའི་བླང་བྱ་ལྟར་ཉིང་སྐྱུར་བརྟག་དཔྱད་དང་། བདེ་ཐང་བཤེར་རིས། ལུས་དྲོད་ཚད་འཇལ་སོགས་ཀྱི་བདེ་ཐང་ཞིབ་བཤེར་བྱ་བ་ལེགས་པོར་བསྒྲུབ་དགོས་པ་མ་ཟད་རྒྱུགས་ལེན་ས་ཚིགས་ཀྱི་འབྲེལ་ཡོད་རིམས་འགོག་སྒྲིག་ལམ་ལ་གཞོགས་འདེགས་བྱ་དགོས།
གསུམ། ཁ་པར་དང་འབྲེལ་ཡོད་ཆ་འཕྲིན་ལ་དོ་སྣང་བྱ་དགོས། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་མཐོ་རྒྱུགས་ལ་མིང་ཐོ་འགོད་སྐབས་བཞག་པའི་ཁ་པར་ཨང་གྲངས་དེ་ནམ་ཡང་ཤར་གཏོང་ཐུབ་པར་བྱེད་དགོས་པ་དང་། རྒྱུགས་ར་ཡོད་སའི་རྒྱུགས་ལེན་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་སྤྱི་བསྒྲགས་ཆ་འཕྲིན་ལ་དོ་ཁུར་ནན་མོ་བྱ་དགོས། གལ་ཏེ་གློ་བུར་དུ་བྱུང་བའི་དམིགས་བསལ་ཅན་གྱི་གནས་ཚུལ་ཡོད་ན། དུས་ཐོག་ཏུ་རྒྱུགས་ར་ཡོད་སའི་རྒྱུགས་ལེན་ལས་ཁུངས་ལ་སྙན་སེང་ཞུ་དགོས།།
རྩོམ་སྒྲིག་པ། འབྲུག་མོ།