ལོ་དྲུག་ཅུའི་ཡན་གྱི་ལོ་ལོན་ཚོས་པྲོག་གསར་འགོག་ཁབ་རྒྱག་པར་ལྷག་ཏུ་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་ཅི།
2022.05.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

གཅིག འགོག་ཁབ་བརྒྱབ་ནས་འགོག་ཟོན་ལེགས་པོ་བྱེད་དགོས།

པྲོག་གསར་ནད་དུག་ནི་མི་ཐམས་ཅད་ལ་འགོ་སླ་བ་དང་། དེ་ལས་ཀྱང་ལོ་ལོན་དང་ནད་རྙིང་ཡོད་མཁན་ལ་ལྷག་ཏུ་འགོ་སླ། ལོ་ལོན་ཚོའི་རང་སྟེང་གི་རིམས་འགོག་ནུས་པ་ན་གཞོན་རྣམས་དང་བསྡུར་ན་ཅུང་ཞན་ལ། ལོ་ལོན་མང་ཆེ་བར་ནད་རྙིང་སྣ་ཚོགས་ཡོད་སྟབས། གལ་ཏེ་ནད་དུག་འགོས་ཚེ། དར་མ་དང་བྱིས་པ་རྣམས་དང་བསྡུར་ན་ནད་ལྕི་མོར་འགྱུར་བ་དང་འཆི་ཉེན་ཡང་ཧ་ཅང་ཆེ།

པྲོག་གསར་ནད་དུག་གི་འགོག་ཁབ་བརྒྱབ་པ་དེས་ནད་གཞི་ལྕི་མོར་འགྱུར་བ་དང་འཆི་བ་སྔོན་འགོག་བྱེད་པའི་ཐད་སྲུང་སྐྱོབ་ཀྱི་ནུས་པ་བཟང་པོ་ཐོན་ཀྱིན་ཡོད། དེ་ཡང་གོ་སླ་བའི་སྒོ་ནས་བཤད་ན། པྲོག་གསར་ནད་དུག་གི་འགོག་ཁབ་བརྒྱབ་ན་ལོ་ལོན་གྱི་ནད་ཇེ་ལྕིར་མི་འགྲོ་བ་དང་འཆི་རྒྱུའི་ཉེན་ཁ་ལས་ཐར་བར་ཕན་པ་ཡོད།

གཉིས། འགོག་ཁབ་ཀྱི་ནད་འགོག་ནུས་པ་བཟང་བས། མི་ཡོངས་ཀྱིས་ངེས་པར་དུ་རྒྱག་དགོས།

འགོག་ཁབ་བརྒྱབ་ན་ནད་དུག་འགོས་ཀྱང་ནད་གཞི་ཇེ་སྡུག་ཏུ་མི་འགྲོ་བ་མངོན་གསལ་རེད།

གསུམ། ལོ་ལོན་དང་ནད་རྙིང་ཡོད་མཁན་གྱིས་ལྷག་ཏུ་འགོག་ཁབ་རྒྱག་དགོས།

གཞི་གྲངས་ལས་མངོན་པ་ལྟར་ན། ད་ལྟའི་བར་རྒྱལ་ཁབ་ཕྱི་ནང་གི་མིས་ཀྲུང་གོའི་པྲོག་གསར་ནད་དུག་གི་འགོག་ཁབ་བརྒྱབ་པའི་ཁྲོད་ལོ་ན་ཆེས་བགྲེས་པ་ལོ106རེད། འབྲེལ་ཡོད་གཞི་གྲངས་སྡོམ་རྩིས་བྱས་པ་བརྒྱུད། ལོ་ལོན་ལ་པྲོག་གསར་ནད་དུག་གི་འགོག་ཁབ་བརྒྱབ་ན་གནོད་པ་མེད་པ་གསལ་བཤད་བྱས་ཡོད།

དེ་བས་པྲོག་གསར་ནད་དུག་གི་འགོག་ཁབ་བརྒྱབ་མེད་པའི་ལོ་ལོན་ཚོས་གང་མགྱོགས་ངང་རྒྱག་པ་དང་། ཆ་ཚང་བརྒྱབ་མེད་པ་རྣམས་ཀྱིས་ཀྱང་གང་མྱུར་སྒོབ་བརྒྱབ་ཚར་དགོས།

བཞི། ནད་རྙིང་ཡོད་པའི་ལོ་ལོན་གྱིས་འགོག་ཁབ་རྒྱག་སྐབས་མཉམ་འཇོག་བྱེད་རྒྱུ་ཞིག་ལ།

གལ་ཏེ་ནད་རྙིང་ཡོད་ན། འབྱུང་ཁམས་ཅུང་བདེ་ཐོག་ན་ཡོད་སྐབས་འགོག་ཁབ་རྒྱག་པ་དང་། དེ་ཡང་རང་གིས་གསལ་ཐག་མི་ཆོད་ན། པྲོག་གསར་ནད་དུག་གི་འགོག་ཁབ་བརྒྱབ་ཆོག་མིན་དེ་འབྲེལ་ཡོད་སྨན་པར་དྲིས་ཆོག

སྔ་མོ་ནས་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་བརྒྱུད་རིམ་དང་། འགོག་ཁབ་ཀྱི་འབྲེལ་ཡོད་ཤེས་བྱར་རྒྱུས་ལོན་བྱེད་པ་དང་། སྔ་མོ་ནས་མིང་ཐོ་བཀོད་དེ་ཡུལ་དངོས་སུ་མི་ཚོགས་འདུ་བ་དང་ཡུན་རིང་སྒུག་པ། ཐང་ཆད་དུ་འཇུག་པ་དང་། འཚུབ་ཆ་ལངས་པ་བཅས་ཀྱི་གནས་ཚུལ་མི་འབྱུང་བར་བྱེད་དགོས། བསམ་ཡུལ་ལས་འདས་པའི་བར་ཆད་སོགས་མི་འབྱུང་བའི་ཆེད་དུ་འགོག་ཁབ་རྒྱག་དུས་ལོ་ལོན་ལ་བདག་བྱེད་མཁན་ཡོད་ན་བཟང་།

པྲོག་གསར་འགོག་ཁབ་བརྒྱབ་རྗེས་ཡུལ་དངོས་ནས་དུས་ཚོད་ཕྱེད་ཀར་ངལ་གསོས་ཏེ་མི་བདེ་བའི་སྣང་ཚུལ་ཡོད་མེད་ལ་མཉམ་འཇོག་བྱེད་དགོས། གལ་ཏེ་ལུས་ཕུང་མི་བདེ་བའི་སྣང་ཚུལ་བྱུང་བ་དང་། བྱུང་ཡུན་ཅུང་རིང་ན་མྱུར་དུ་སྨན་པར་སྙན་ཞུ་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།