ཐ་མག་གི་ཉེས་དམིགས་དང་ཐ་མག་བཅད་པའི་དགེ་མཚན་ནི། ཚང་མས་བསམ་ཡུལ་ལས་འདས་སྲིད། །
གཅིག ཐ་མག་བཅད་ན་སྐྲན་ནད་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་འགྲོ་བ།
ཐ་མག་བཅད་དེ་ལོ་ལྔ་ནས་བཅུ་ཙམ་འགོར་རྗེས། གློ་བའི་འབྲས་སྐྲན་གྱི་ཤི་ཚད་དེ་ཐ་མག་མི་འཐེན་པའི་མི་ལས་ཅུང་མང་བ་རེད། འོན་ཀྱང་ཐ་མག་བཅད་དེ་ལོ་བཅུ་ནས་བཅོ་ལྔ་ཙམ་འགོར་རྗེས། གློ་བའི་འབྲས་སྐྲན་ཕོག་ཚད་ཐ་མག་མི་འཐེན་པའི་མི་དང་གཅིག་མཚུངས་ཡིན། འཇར་པན་གྱིས་བརྟག་དཔྱད་བྱས་པར་གཞིགས་ན། ཐ་མག་བསྡོམས་པས་རྐང་ཁྲི་ཉི་ཤུ་ཙམ་འཐེན་མྱོང་མཁན་ཞིག་གིས་ཐ་མག་བཅད་ནས་ལོ་བཞི་ཙམ་འགོར་རྗེས། གློ་བའི་འབྲས་སྐྲན་གྱི་ཤི་ཚད་ཐ་མག་མི་འཐེན་པའི་མི་དང་གཅིག་མཚུངས་ཡིན། ཐ་མག་བཅད་ན་ད་དུང་མགྲིན་པའི་འབྲས་སྐྲན་དང་ཁ་སྦུག་གི་འབྲས་སྐྲན། བད་ཀན་མིད་འཆུས་ནད། གཤེར་མའི་འབྲས་སྐྲན། ལྒང་པའི་འབྲས་སྐྲན་སོགས་སྐྲན་ནད་རིགས་མང་པོའི་ཕོག་ཚད་ཇེ་དམའ་རུ་གཏོང་ཐུབ།
གཉིས། ཐ་མག་བཅད་ན་སྙིང་གི་ཁྲག་རྩའི་ནད་ཀྱི་ཤི་ཚད་ཇེ་དམའ་རུ་འགྲོ་བ།
སྙིང་གི་ཁྲག་རྩའི་ནད་ཕོག་པའི་ནད་པས་ཐ་མག་བཅད་ནས་ལོ་གཅིག་ཙམ་འགོར་རྗེས་འཆི་ཚད་བརྒྱ་ཆའི་ལྔ་བཅུ་ཙམ་ཇེ་དམའ་རུ་འགྲོ་བ་དང་། དེ་ནས་ལོ་བཅོ་ལྔའི་རྗེས་སུ་ཐ་མག་མི་འཐེན་པའི་མི་དང་གཅིག་མཚུངས་ཡིན་པ་རེད། ཐ་མག་བཅད་ན་སྙིང་རྩ་འགག་པའི་ནད་ཀྱང་སྔོན་འགོག་བྱེད་ཐུབ།
གསུམ། ཐ་མག་བཅད་ན་གློ་ནད་རིགས་ཇེ་ཉུང་དུ་འགྲོ་བ།
ཐ་མག་འཐེན་མཁན་ལ་གློ་བའི་ནད་རིགས་དཔེར་ན་དལ་བའི་གློ་ཡུའི་གཉན་ཚད་དང་གློ་བ་རླུང་སྐྲངས་སོགས་འབྱུང་སྲིད། དེ་ནི་ཐ་མག་མི་འཐེན་པའི་མིའི་ལྡབ་བཞི་ནས་ཉེར་ལྔ་ཙམ་རེད། ཐ་མག་བཅད་དེ་གཟའ་འཁོར་འགའ་འགོར་རྗེས་གློ་དང་ལུད་པ་ཇེ་ཉུང་དུ་འགྲོ་བ་དང་ཆབས་ཅིག ཆམ་པ་དང་གློ་ཡུའི་གཉན་ཚད་བཅས་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པ་དང་། གློ་བའི་ནུས་པ་ཇེ་སྡུག་ཏུ་འགྲོ་བ་སྔོན་འགོག་བྱེད་ཐུབ།
བཞི། ཐ་མག་བཅད་ན་སྨུག་པོའི་ནད་སངས་དྲག་ཏུ་འགྲོ་བདེ་བ།
ཐ་མག་འཐེན་མཁན་ལ་ཕོ་བ་དང་རྒྱུ་སོར་བཅུ་གཉིས་ཀྱི་སྨུག་པོའི་ནད་འབྱུང་ཚད་ཅུང་མཐོ་བར་མ་ཟད། ཐ་མག་མ་བཅད་ན་སངས་དྲག་ཏུ་འགྲོ་དཀའ། དེའི་ཕྱིར་ཕོ་བ་དང་རྒྱུ་སོར་བཅུ་གཉིས་ཀྱི་སྨུག་པོའི་ནད་བྱུང་ཡོད་པའི་ནད་པས་ངེས་པར་དུ་ཐ་མག་བཅད་ནས་སྨུག་པོའི་ནད་དྲག་བསྐྱེད་ཡོང་ཐབས་བྱེད་དགོས།
ལྔ། ཐ་མག་བཅད་ན་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ།
ཐ་མག་འཐེན་མཁན་གྱི་ཆ་སྙོམས་ཚེ་ཐག་ཐ་མག་མི་འཐེན་པའི་མི་ལས་ཐུང་བ་རེད། ཐ་མག་མང་པོ་འཐེན་མཁན་གྱི་ཚེ་ཐག་ལོ་དྲུག་ནས་དགུའི་བར་ཇེ་ཐུང་དུ་འགྲོ་སྲིད། དཔེར་ན། ལོ་ཉེར་ལྔར་སླེབས་པའི་མིས་ཉིན་གཅིག་ལ་ཐ་མག་རྐང་བཞི་བཅུ་ཙམ་འཐེན་ན། དེའི་ཚེ་ཐག་ན་མཉམ་གྱི་ཐ་མག་མི་འཐེན་པའི་མི་ལས་ལོ་བརྒྱད་དང་ཟླ་གསུམ་གྱིས་ཐུང་བ་རེད། ཐ་མག་བཅད་པའི་མིའི་ཚེ་ཚད་མུ་མཐུད་དུ་ཐ་མག་འཐེན་པའི་མི་ལས་ རིང་བ་རེད། ཐ་མག་བཅད་ནས་ལོ་བཅུ་ནས་བཅོ་ལྔ་ཙམ་འགོར་རྗེས། ཆ་སྙོམས་ཀྱི་ཚེ་ཚད་ཐ་མག་མི་འཐེན་པའི་མི་དང་གཅིག་མཚུངས་ཡིན།
དྲུག ཐ་མག་བཅད་ན་ཉེ་འགྲམ་གྱི་ཁོར་ཡུག་ལེགས་བཅོས་བྱེད་ཐུབ་པ།
ཐ་མག་བཅད་རྗེས་བྱ་བའི་ཁོར་ཡུག་དང་འཚོ་བའི་ཁོར་ཡུག་གི་མཁའ་རླུང་གཙང་མར་གྱུར་ནས། མི་གཞན་ལ་དགོས་མེད་ཀྱི་གནོད་པ་མི་ཐེབས་པར་བྱས་པ་ལས། ལས་རོགས་ཕན་ཚུན་བར་གྱི་འབྲེལ་བ་ཇེ་ལེགས་སུ་འགྲོ་བ་དང་ནང་མིའི་བར་གྱི་འགལ་ཟླ་ཇེ་ཉུང་དུ་འགྲོ་སྲིད།
བདུན། ཐ་མག་བཅད་ན་དཔལ་འབྱོར་གྱི་ཁུར་པོ་ཇེ་ཡང་དུ་འགྲོ་བ།
ཐ་མག་འཐེན་པ་ལས་བྱུང་བའི་སྨན་བཅོས་འགྲོ་གྲོན་དང་འགན་སྲུང་མ་དངུལ་སོགས་ཀྱི་དཔལ་འབྱོར་ཁུར་པོ་ཇེ་ཡང་དུ་འགྲོ་སྲིད། དེ་དང་ཆབས་ཅིག་མ་དངུལ་བཏང་ནས་ཐ་མག་ཉོ་མི་དགོས་ལ་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དུའང་ཐ་མག་འཐེན་པའི་རྐྱེན་གྱིས་དངུལ་ཆད་ཕོག་མིན་ཐད་སེམས་ཁྲལ་བྱེད་མི་དགོས།
བརྒྱད། ཐ་མག་བཅད་ན་དྲན་ཤེས་ཇེ་གསལ་དང་སྐྱི་པགས་ཇེ་ཡག་ཏུ་འགྲོ་བ།
ཐ་མག་བཅད་རྗེས་ཀླད་པའི་ཚོར་སྐྱེན་དེ་བས་མགྱོགས་པ་དང་བློ་རྩ་དེ་བས་གཅིག་ཏུ་སྒྲིམ་ཐུབ། དེ་དང་ཆབས་ཅིག ཐ་མག་བཅད་རྗེས། ངོ་གདོང་གི་གཉེར་མ་དང་ནད་ཅན་གྱི་པགས་མདོག་སྐྱ་བོ་རིམ་གྱིས་ཡལ་ནས། བདེ་ཐང་དང་ན་སོ་ཇེ་གཞོན་དུ་འགྲོ་ཐུབ།
མདོར་ན། ཐ་མག་འཐེན་ན་གནོད་པ་བརྒྱ་ལས་ཕན་པ་གཅིག་ཀྱང་མེད། ཐ་མག་བཅད་ན་ཕན་པ་བརྒྱ་ལས་སྐྱོན་གཅིག་ཀྱང་མེད་ཅེས་བཤད་ཆོག་གོ
རྩོམ་སྒྲིག་པ། འབྲུག་མོ།