ཐོག་གི་ཉེན་ཁར་གཟབ་དགོས་པའི་སྐོར་གྱི་རྒྱུན་ཤེས།
2022.06.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 23

གཅིག ཐོག་གི་ཉེན་ཁ་ཡོད་མེད་ཇི་ལྟར་བརྟག་དཔྱད་བྱ་དགོས།

༡. བརྙན་འཕྲིན་ཁག་ལས་བཏང་བའི་གནམ་གཤིས་སྔོན་བརྡ་དང་། གནམ་གཤིས་སྡེ་ཁག་གིས་སྤེལ་བའི་ཐོག་སེར་ཡོང་བའི་ཉེན་བརྡའི་ཆ་འཕྲིན་ལ་ལྟ་དགོས།

༢. རང་ཉིད་ཀྱིས་གནམ་གཤིས་ལ་ལྟ་ཤེས་དགོས་པ་རེད། དེའང་སྤྲིན་ནག་མང་པོ་འཁྲིག་པ་དང་། གློག་འཁྱུག་ཅིང་སེར་བ་འབབ་མགོ་བརྩམ་ཚེ་ཐོག་བརྒྱག་པའི་ཉེན་ཁ་ཡོད།

༣. ལུས་ཐོག་གི་ཚོར་བར་ལྟ་དགོས། གལ་ཏེ་གློ་བུར་དུ་སྐྲ་གྱེན་ལ་ཟིང་པ་དང་ལུས་འདར་སིག་བརྒྱབ་ན་ཐོག་བརྒྱག་པའི་ཉེན་ཁ་ཡོད།

གཉིས། ཇི་ལྟར་ཐོག་གི་ཉེན་ཁ་ལ་གཟབ་དགོས།

༡. ད་ལྟའི་དུས་འདིར་ང་ཚོ་མཐོ་སྒང་གི་ས་ཆ་འདིར་མཚོན་ན། དབྱར་རྩ་དགུན་འབུ་བརྐོ་བའི་དུས་ཡིན་པས། གལ་ཏེ་ཁྱེད་རང་འབུ་བརྐོ་བ་ཞིག་ཡིན་ཚེ། ཐོག་བརྒྱག་པར་ཉེན་བརྡ་བཏང་བའི་ཆ་འཕྲིན་མཐོང་བ་དང་། ཐོག་བརྒྱག་པའི་ཉེན་ཁ་ཡོད་པ་ཤེས་ཚེ་འབུ་རྐོ་འཚམས་བཞག་ཏེ། མགྱོགས་པར་རི་འདབས་སུ་འབབ་དགོས།

༢. བྲག་ཕུག་གི་སྒོ་ཁ་དང་། རྡོ་ཕ་བོང་། བྲག་གཟར་མོའི་འོག་ནས་ཆར་གཞའ་བྱེད་མི་རུང་ལ། ཆར་གཞའ་བྱེད་སྐབས་ཕུག་རིང་ཞིང་ཟབ་པ་དང་། བརླན་མེད་པའི་བྲག་ཕུག་བཙལ་ནས་ནང་དུ་འཛུལ་བ་དང་རྐང་པ་གཉིས་མཉམ་དུ་བསྐུམས་ཤིང་ལུས་བྲག་ཕུག་གི་ངོས་སུ་མི་ཐུག་པར་བྱ་དགོས།

༣. ཁ་པར་སྒོ་རྒྱག་པ་ལས། ཁ་པར་ལས་པར་རྒྱག་པ་དང་། ཁ་པར་གཏོང་བ་སོགས་བྱེད་མི་རུང་། དེ་བཞིན་ལུས་ཐོག་ནས་ཁ་པར་དང་། སྐེད་ཆིངས། རྐག་ལེ་སོགས་ལྕགས་རིགས་བླངས་ཏེ། དེ་དག་མིའི་ལུས་པོ་དང་བར་ཐག་ངེས་ཅན་འཇོག་དགོས། ད་དུང་ཐོག་ཏུ་ལྕགས་རིགས་ཡོད་པའི་ཉི་གདུགས་སོགས་ཕུབ་མི་རུང་།

༤. གློག་སྡོང་དང་། ལྕགས་སྡོང་སོགས་དང་། ཐོག་འགོག་སྒྲིག་ཆས་མེད་པའི་བཟོ་བསྐྲུན་བྱས་པའི་དངོས་ཆུང་རིགས་ལ་བར་ཐག་ངེས་ཅན་འཇོག་པ་དང་། དེ་བཞིན་རི་སྒང་དང་། ཆུ་འགྲམ་སོགས་སུ་ཁ་འབྲལ་དགོས།

༥. ཕྱི་རོལ་དུ་རས་གུར་སོགས་ཕུབ་སྟེ་སྒར་རྒྱག་སྐབས། རས་གུར་དང་བར་ཐག་སྨི་ལྔ་ཡི་འཚམས་སུ་ཐོག་འགོག་རྐ་བ་སོགས་ཐོག་འགོག་སྒྲིག་ཆས་འཇོག་དགོས།

༦. སེར་བ་དང་དྲག་ཆར་འབབ་པའི་སྐབས་སུ། ས་སྟོང་ལུང་སྟོང་ནས་འགྲོ་མི་རུང་། གལ་ཏེ་འགྲོ་དགོས་བྱུང་ཚེ་ཆར་འགོག་ལྭ་བ་གྱོན་དགོས་པ་དང་། འགྲོ་སྐབས་གོམ་སྟབས་ཆུང་ངུས་དལ་མོར་འགྲོ་དགོས། ད་དུང་རྟ་དང་འཕྲུལ་རྟ་སོགས་ཞོན་པ། རྐག་ལེ་སོགས་ཕྲག་པར་ཁུར་ནས་འགྲོ་མི་རུང་།

༧. མི་ལ་ཐོག་རྒྱག་སྐབས། གློ་བུར་དུ་སྐྲ་གནམ་ལ་ཟིང་པ་དང་། ལུས་ལ་འདར་སིག་བརྒྱག་ངེས། སྐབས་དེར་གང་མགྱོགས་ཀྱིས་ས་ལ་འགྲིལ་དགོས། ཡང་ན་ས་གཤོང་ནང་དུ་མགོ་སྒུར་སྒུར་དང་རྐང་ལག་མཉམ་དུ་སྐུམ་སྐུམ་བྱས་ཏེ་ལུས་པོ་ཆུང་ངུར་ངང་ཙོག་པུར་འདུག་དགོས།

༨. མི་མང་ས་ནས་ཐོག་ལ་གཞའ་སྐབས། མི་རྣམས་རུབ་རུབ་བྱ་མི་རུང་ལ། མི་རྣམས་ཀྱི་བར་དུ་བར་ཐག་སྨི་འགའ་བཞག་དགོས།

གསུམ། ཐོག་རྒྱག་སྐབས་རང་སྐྱོབ་ཇི་ལྟར་བྱ་དགོས།

མི་གཞན་ལ་ཐོག་བརྒྱབ་པ་ཤེས་རྗེས། འཕྲལ་དུ120མྱུར་སྐྱོབ་ཁ་པར་གཏོང་དགོས། ཐོག་རྒྱག་མཁན་ལ་རྨས་སྐྱོན་ཕོག་པ་ལས་གཞན། ད་དུང་སྙིང་གི་འཕར་ལྡིང་དང་། དབུགས་འབྱིན་རྔུབ་གློ་བུར་དུ་མཚམས་ཆད་པ་ལྟ་བུའི་ཤི་ཚར་བའི་སྣང་ཚུལ་ཐོན་སྐབས། གཤམ་གསལ་གྱིས་མྱུར་སྐྱོབ་བྱེད་ཐབས་འདི་དག་སྤྱོད་དགོས་ཏེ།

༡. ཐོག་མར་ལུས་སྙོམས་པོར་བཞག་ནས་ལྭ་བའི་སྒྲོག་གུ་བཀྲོལ་དགོས།

༢. མིའི་ཐབས་ཀྱིས་དབུགས་འབྱིན་རྔུབ་བྱེད་རོགས་བྱ་དགོས།

༣.སྙིང་ཁ་ནས་ཐེངས་ལྔའི་ཡན་མནན་རྗེས། གལ་ཏེ་ད་དུང་རྒྱལ་བ་ལས་སོས་མ་ཐུབ་ན། བསྐྱར་དུ་ཐེངས་གཉིས་དང་གསུམ་བར་དུ་གནོན་དགོས།།

རྩོམ་སྒྲིག་པ། འབྲུག་མོ།