པྲོག་གསར་གློ་ཚད་དང་། ཆམ་རིམས། ཆམ་པ་བཅས་ཀྱི་ཁྱད་པར།
2022.06.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

ཆམ་རིམས་དང་། སྤྱིར་བཏང་གི་ཆམ་པ། པྲོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་བཅས་དབྱེ་བ་འབྱེད་པར་གཙོ་བོ་གཤམ་གྱི་ཕྱོགས་བཞིའི་ཐད་ལ་བལྟ་དགོས་པ་སྟེ།

ཆམ་པ་ནི་དགུན་དུས་འབྱུང་ཚད་མཐོ་བའི་རྒྱུན་མཐོང་གི་ནད་གཞི་ཞིག་ཡིན་པ་ཚང་མས་ཤེས་ཀྱིན་ཡོད། ཡིན་ཡང་ནད་དེ་གསུམ་གྱི་ངོས་ནས་བཤད་ན།

དང་པོ། ནད་དེ་གསུམ་གྱི་འབྱུང་རྐྱེན་མི་གཅིག ཆམ་རིམས་ནི་སྤྱིར་བཏང་གི་ཆམ་པ་མ་ཡིན་པར། དེ་ནི་དབུགས་ལམ་གྱི་འགོ་ནད་ཅིག་དང་ཆམ་རིམས་ཀྱི་ནད་དུག་ལས་བྱུང་བ་ཞིག་རེད། སྤྱིར་བཏང་གི་ཆམ་པའི་ངོས་ནས་བཤད་ན། ལོ་ཧྲིལ་པོའི་དུས་ཚིགས་བཞི་བོར་འབྱུང་སྲིད། ཡིན་ནའང་། དེ་ནི་འགོ་ནད་མ་ཡིན་པར་རྒྱུན་ལྡན་གྱི་ནད་ཅིག་ཡིན་པ་དེ་གཙོ་བོ་རྒྱུན་ལྡན་གྱི་དབུགས་ལམ་ནད་དུག་ལས་བྱུང་བ་ཞིག་རེད། པྲོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ནི་འགོ་ནད་ཅིག་རེད།

གཉིས་པ། ནད་དེ་གསུམ་ན་བའི་དུས་ཚོད་མི་གཅིག ཆམ་པ་ནི་ལོ་ཧྲིལ་པོར་འབྱུང་སྲིད་པས་དུས་ཚིགས་ཀྱི་རང་བཞིན་མངོན་གསལ་ཆེན་པོ་མེད། ཆམ་རིམས་ནི་ལོ་ཧྲིལ་པོར་འབྱུང་སྲིད་ཀྱང་། གཙོ་བོར་དགུན་ཁ་དང་དཔྱིད་ཀའི་དུས་སུ་འབྱུང་ཚད་མཐོ་བ་རེད། པྲོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ནི2019ལོའི་ལོ་མཇུག་གི་དགུན་དུས་སུ་གསར་དུ་བྱུང་པའི་ནད་ཡམས་ཤིག་རེད།

གསུམ་པ། ནད་དེ་གསུམ་གྱི་ནད་རྟགས་གཅིག་མཚུངས་མིན། ཆམ་པ་ནི་མི་མང་ཆེ་བར་འབྱུང་གི་ཡོད་པས་སྣ་འཚུབ་པ་དང་། སྣ་ཆུ་བཞུར་བ། ཧབ་སྦྲིད་རྒྱག་པ་བཅས་ཀྱི་ནད་རྟགས་འབྱུང་ལ། སྐབས་འགར་ཚ་བ་ཡང་རྒྱས་སྲིད། འོན་ཀྱང་ཚ་ཅུང་ཙམ་ནས་རིམ་གྱིས་འབྲིང་ཙམ་རྒྱས་སྲིད་པ་དང་དུས་ཡུན་ཉིན་གཅིག་ནས་གསུམ་བར་ཡིན་ཞིང་། ཉིནགསུམ་ནས་ལྔའི་བར་སྤྱིར་བཏང་དུ་རང་བཞིན་གྱིས་དྲག་སྐྱེད་འབྱུང་བཞིན་ཡོད། སྤྱིར་བཏང་གི་ཆམ་ནད་བྱུང་ཚེ། ལུས་ཡོངས་ཀྱི་ཤ་གྲིམ་ལ་ན་བའམ་ཡང་ན་ལུས་ཡོངས་ལ་ཤུགས་མེད་པའི་ནད་རྟགས་འབྱུང་ཚད་ཅུང་ཉུང་ཉུང་ཡིན། ཆམ་རིམས་བྱུང་ཚེ། ཚ་ཆེན་པོ་ རྒྱས་པ་དང་ཚ་བ་རྒྱས་པའི་དུས་ཡུན་ཡང་ཅུང་རིང་བ་ཡིན། སྤྱིར་བཏང་ཉིན་གསུམ་ནས་ལྔའི་བར་ལ་ཚ་རྒྱས་སྲིད། འོན་ཀྱང་། གཟའ་འཁོར་གཅིག་གི་ཡས་མས་སུ་རང་བཞིན་གྱིས་དྲག་སྐྱེད་འབྱུང་བ་ཡིན། ཆམ་རིམས་ཀྱི་ནད་རྟགས་ལ། ལུས་པོའི་ཤ་གྲིམ་ལ་ན་བ་དང་། ལུས་ཤུགས་མེད་པ། མགོ་བོ་ན་བ་སོགས་ཀྱི་ནད་རྟགས་ཐོན་པ་ཡིན༎

བཞི་པ། ནད་རིགས་དེ་གསུམ་གྱི་ཚབས་ཆེ་ཆུང་དང་འགོ་སླ་བའི་མི་ཚོགས་ཀྱང་མི་གཅིག  ཆམ་པ་ནི་མི་རྒན་གཞོན་ཚང་མར་འགོ་སླ་བ་དང་། དུས་མཉམ་དུ་ནད་རིགས་གཞན་པ་མི་སྐྱེད་པས་དེ་འདྲའི་ཚབས་ཆེན་མིན། ཆམ་རིམས་ཀྱི་ངོས་ནས་བཤད་ན། སྤྱིར་བཏང་དུ་མི་རྒན་གཞོན་ཚང་མར་འགོ་སླ་ནའང་། དེ་ལས་ཀྱང་ལོ་ལྔའི་མན་གྱི་བྱིས་པ་དང་ལྷག་པར་དུ་ལོ་གཉིས་ལས་ཆུང་བའི་བྱིས་པ་དང་། ལོ་དྲུག་ཅུའི་ཡན་གྱི་རྒན་པ། དེ་བཞིན་ སྦྲུམ་མ། དལ་བའི་རང་བཞིན་གྱི་ནད་ཡོད་པའི་ནད་པ་བཅས་ཚང་མར་ཆམ་རིམས་འབྱུང་ཉེན་ཆེ་བའི་མི་ཚོགས་ཡིན་པར་མ་ཟད། ཆམ་རིམས་ཀྱིས་ནད་གཞན་པ་བསླངས་ཏེ་འཆི་བའི་གནས་ཚུལ་ཡང་འབྱུང་སྲིད་པ་རེད། པྲོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་མི་ཕལ་ཆེ་བར་འགོ་སླ་བ་རེད།  མིག་སྔར་བལྟས་ན། བྱིས་པ་རློན་ནུ་དང་ལོ་ཆུང་བྱིས་པར་འབྱུང་སླ་བ་དང་། ལོ་ལོན་དང་དལ་བའི་རང་བཞིན་གྱི་ནད་ཡོད་པའི་ནད་པར་ཕོག་ན། དེ་བས་ཚབས་ཆེ་ཞིང་ཐ་ན་འཆི་ཡང་སྲིད། །

རྩོམ་སྒྲིག་པ། འབྲུག་མོ།