མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཁྱིམ་བདག་རྣམས་ལ་བསྐུར་བའི་ སེམས་ཁམས་བདེ་ཐང་སློབ་གསོར་ཤུགས་སྣོན་པའི་སྐོར་གྱི་འཕྲིན་ཡིག
རྒྱ་ཆེའི་ཁྱིམ་བདག་ལྷན་རྒྱས།
སྐུ་ཁམས་བཟང་།
ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ལོ་བཅོ་བརྒྱད་མན་གྱི་བྱིས་པ་དང་ན་གཞོན་ལོ་ཆུང་གི་སེམས་ཁམས་གནད་དོན་བྱུང་ཚད་དང་བསམ་པའི་འགལ་རྐྱེན་བྱུང་ཚད་མུ་མཐུད་དུ་མཐོ་རུ་ཕྱིན་ཡོད། 《ཀྲུང་གོའི་རྒྱལ་དམངས་ཀྱི་སེམས་ཁམས་བདེ་ཐང་འཕེལ་རྒྱས་སྙན་ཞུ(2019-2020 )》ལས་མངོན་པ་ལྟར་ན། ཉིས་སྟོང་ཉི་ཤུ་ལོར་རང་རྒྱལ་གྱི་ན་གཞོན་ལོ་ཆུང་གི་སེམས་གཅོང་ནད་ངོས་ཟིན་ཚད་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་དྲུག་ལ་སླེབས་ཡོད་པ་དང་། དེའི་ཁྲོད་ཀྱི་སེམས་གཅོང་ཚབས་ཆེན་ལ་ངོས་བཟུང་ཚད་བརྒྱ་ཆའི་བདུན་དང་གྲངས་ཆུང་བཞི་ལ་སླེབས་ཡོད། ན་གཞོན་ལོ་ཆུང་གི་སེམས་ཁམས་ཀྱི་གནད་དོན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བ་དང་། སྐབས་འགར་ཚབས་ཆེ་བའི་དོན་རྐྱེན་བྱུང་སྟེ་དགེ་རྒན་དང་ཁྱིམ་བདག་མང་པོ་བློ་ཕམ་ཡིད་ཆད་ཀྱི་གནས་སུ་གཏོད་བཞིན་ཡོད།
བྱིས་པ་དང་ན་གཞོན་ལོ་ཆུང་གི་སེམས་ཁམས་གནད་དོན་དེ་བྱིས་པ་ཚང་མ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་འབྲེལ་བ་ཡོད་པ་དང་། ཁྱིམ་ཚང་ཚང་མའི་བདེ་སྐྱིད་འཚོ་བ་དང་ཡང་འབྲེལ་ཡོད་པས། བྱིས་པ་དང་ན་གཞོན་ལོ་ཆུང་གི་སེམས་ཁམས་བདེ་ཐང་གི་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱུ་དེ་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་གྱུར་ཡོད།
ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པའི་སྟེང《ཁྱིམ་ཚང་སློབ་གསོ་སྐུལ་སྤེལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》གཏན་ལ་ཕབ་སྟེ་གྲོས་འཆམ་བྱུང་། དེ་ནི་རང་རྒྱལ་གྱིས་ཁྱིམ་ཚང་སློབ་གསོའི་ཐད་ཆེད་དོན་ཁྲིམས་བཟོའི་ལས་དོན་སྤེལ་ཐེངས་དང་པོ་ཡིན་པ་དང་། ཁྱིམ་ཚང་གི་སློབ་གསོའི་སྲོལ་རྒྱུན་གྱི“ཁྱིམ་དོན”དེ་གལ་ཆེའི“རྒྱལ་དོན”དུ་གྱུར། སློབ་གསོའི་སྲིད་འཛིན་སྡེ་ཁག་དང་སློབ་གྲྭའི་ཆ་ནས་སློབ་མ་ཡོངས་ཀྱི་ཁྱིམ་བདག་ལ་ཚང་མས་མཉམ་དུ་འབད་བརྩོན་བྱ་དགོས་པའི་འབོད་སྐུལ་བྱ་རྒྱུ་དང་། ཁྱིམ་ཚང་དང་སློབ་གྲྭའི་བར་རོགས་ལས་ཧུར་ཐག་བྱས་ནས་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་དོ་ཁུར་བྱེད་པ། སློབ་མར་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་བཟང་པོ་བསྐྲུན་ནས་ཐུན་མོང་གིས་བྱིས་པ་དང་ན་གཞོན་ལོ་ཆུང་སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོ་ཡག་པོ་གཏོང་དགོས།
གཅིག ཁྱིམ་ཚང་གི་ཁོར་ཡུག་བཟང་པོ་བསྐྲུན་དགོས།
ཁྱིམ་ཚང་ནི་མི་ཚེའི་ནང་གི་སློབ་གྲྭ་དང་པོ་ཡིན་ལ། ཁྱིམ་བདག་ནི་བྱིས་པའི་དགེ་རྒན་དང་པོ་ཡིན་ཕྱིན། ཁྱིམ་ཚང་གིས་མི་ཞིག་གི་འཚར་ལོངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཐུབ་ལ། ཁྱིམ་ཚང་གི་ཁོར་ཡུག་བཟང་པོས་བྱིས་པར་བདེ་འཇགས་དང་དྲོད་སྐྱིད་ཚོར་དུ་འཇུག་ཐུབ། ཁྱིམ་མིའི་བར་མཛའ་བརྩེ་ལྡན་ཞིང་འཆམ་མཐུན་གྱི་འབྲེལ་འདྲིས་བྱུང་ན། བྱིས་པར་བདེ་ཐང་གི་སེམས་ཁམས་གསོ་སྐྱོང་བྱེད་པར་ཕན་པར་མ་ཟད། དེ་ནི་སེམས་ཁམས་ཀྱི་བྱང་ཚད་ལེགས་པོ་དང་རང་གཤིས་བཟང་པོ་ཆགས་པའི་རྨང་གཞི་ཡིན་ལ། བྱིས་པ་ནར་སོན་པའི་གོ་རིམ་ཁྲོད་དུ་མི་དང་མིའི་བར་གྱི་འབྲེལ་བ་འཆམ་མཐུན་ཡོང་བ་དང་། ཁྱད་པར་དུ་འབྲེལ་བ་དམ་པོ་འཛུགས་པའི་ཤུགས་རྐྱེན་གྱི་རྒྱུ་རྐྱེན་གལ་ཆེན་དེ་ཡིན། དེའི་ཕྱིར། བྱིས་པ་ཞིག་ལ་ཚེ་གང་བོའི་བདེ་སྐྱིད་སྟེར་དགོས་བསམ་ན། ཐོག་མར་ཁོ་ཚོར་བརྩེ་བ་ལྡན་པའི་ཁྱིམ་ཚང་ཞིག་སྟེར་རོགས།
གཉིས། ཚེ་སྲོག་གི་སློབ་གསོ་ལེགས་པར་བསྒྲུབ་དགོས།
ཐོག་མར་ཁྱིམ་བདག་གིས་མིག་དཔེ་བཟང་པོ་ཞིག་སྟོན་དགོས་ཤིང་། བྱིས་པར་ཕ་མའི་ཧུར་བརྩོན་གྱི་མི་ཚེའི་རྣམ་འགྱུར་ཚོར་དུ་བཅུག་ནས་བྱིས་པར་ཚེ་སྲོག་ལ་བརྩི་འཇོག་དང་དགའ་ཞེན་བྱ་རྒྱུའི་རོགས་རམ་བྱེད་དགོས། བྱིས་པ་ལ་རོགས་རམ་བྱས་ནས་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་འཛུགས་དགོས་པར་མ་ཟད། དུས་དང་རྣམ་པ་ཀུན་ཏུ་བྱིས་པ་ལ་དོ་སྣང་བྱས་ནས་ཞིབ་ཕྲའི་འགྱུར་ལྡོག་དང་བསམ་པའི་འཁྱེར་ཕྱོགས་ལ་ལྟ་ཞིབ་བྱེད་དགོས། དུས་ཐོག་ཏུ་ལན་སློག་པ་དང་བརྩེ་དུང་ཐད་ལ་སེམས་ཁུར་དང་བསམ་ཤེས་བྱེད་པ། བྱ་སྤྱོད་ཐད་འོས་འཚམ་གྱི་རོགས་རམ། དོན་གྱི་གྲོས་མགོ་འདོན་པ་དང་དགོས་ངེས་སྐབས་བྱིས་པ་ཚོར་ཆེད་ལས་ཀྱི་སེམས་ཁམས་རོགས་རམ་བྱ་རྒྱུའི་སྐུལ་ལྕག་དང་སྣེ་ཁྲིད་བྱེད་དགོས། ད་དུང་བྱིས་པས་རང་ཉིད་ཀྱི་རིན་ཐང་ཉམས་ལེན་དང་འཚོ་བའི་ཁྲོད་ཀྱི་བྱ་བ་ཙག་ཙིག་ལ་མྱོང་རོལ་བྱེད་པར་ཁྲིད་སྟོན་བྱས་ཏེ། རང་ཉིད་ལ་དགའ་བ་དང་། འཚོ་བར་དགའ་བ། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ། ཁོ་ཚོའི་བློ་སྒོ་ཕྱེ་ནས་ཚེ་སྲོག་གི་དོན་སྙིང་དང་འབྱུང་འགྱུར་ལ་བསམ་གཞིག་བྱས་ནས་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བ་བྱེད་དགོས།
གསུམ། འཆམ་མཐུན་གྱི་གཉེན་ཉེའི་འབྲེལ་བ་འཛུགས་དགོས།
གཉེན་ཉེའི་འབྲེལ་བ་བཟང་པོ་ནི་ཆེས་བཟང་བའི་སློབ་གསོ་ཡིན། ཕ་མ་དང་བུ་ཕྲུག་མཉམ་གནས་བྱེད་སྐབས་ཐོག་མར་ཁྱིམ་བདག་ཡིན་པའི་ཆ་ནས་བྱིས་པར་བརྩི་འཇོག་བྱེད་དགོས། བྱིས་པའི་ཁེར་རྐྱང་ལ་བརྩི་འཇོག་དང་བྱིས་པ་ཚོའི་བསམ་ཚུལ་དང་ལུགས་མཐུན་གྱི་དགོས་མཁོར་བརྩི་འཇོག་བྱས་ཏེ། ཁོ་ཚོའི་བྱ་སྤྱོད་ལ་གང་འཚམ་གྱིས་བསམ་ཤེས་དང་དང་ལེན་བྱེད་དགོས་ལ། གུ་ཡངས་དང་ཚོད་འཛིན་གཉིས་ཀ་མཉམ་འཛིན་བྱ་དགོས། བྱིས་པར་དམིགས་བསལ་གྱི་དུས་སྐབས་སུ་ལུས་སེམས་གཉིས་ཀར་འཕེལ་རྒྱས་དོ་མི་མཉམ་པའི་དབང་གིས་དམིགས་བསལ་གྱི་སྤྱོད་ཚུལ་འགའ་ཤས་ལ་བསམ་ཤེས་བྱ་དགོས་ཤིང་། བྱིས་པ་དང་འབྲེལ་འདྲིས་ཀྱི་གོ་རིམ་ཁྲོད་དུ། ཉན་ཤེས་ཡོད་པ་དང་སེམས་གཏམ་བཤད་ནས། ནང་མིའི་བརྩེ་སེམས་དང་རྒྱབ་སྐྱོར་ཡོད་པ་ཁོ་ཚོར་ཚོར་དུ་འཇུག་དགོས།
བཞི། བྱིས་པ་འཚར་ལོངས་ཡོང་བའི་ཆོས་ཉིད་ལ་བརྩི་འཇོག་དང་བྱིས་པ་འཚར་ལོངས་ཡོང་བར་དོ་ཁུར་བྱ་དགོས།
བྱིས་པ་འཚར་ལོངས་ཀྱི་དུས་སྐབས་ཀུན་ལ་དམིགས་བསལ་གྱི་དགོས་མཁོ་དང་ཆོས་ཉིད་ཡོད་པས། ཁྱིམ་བདག་གིས་བྱིས་པའི་འཚར་ལོངས་ལ་བརྩི་འཇོག་དང་འགག་རྩའི་དུས་ཚོད་ཚང་མ་སྟངས་འཛིན་ཡག་པོ་བྱས་ཚེ། གཞི་ནས་བྱིས་པར་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ། སློབ་ཆུང་གི་གཙོ་གནད་ནི་རོགས་རམ་བྱ་རྒྱུ་དང་། དམའ་རིམ་དང་སློབ་འབྲིང་གི་གཙོ་གནད་ནི་བརྩི་འཇོག མཐོ་རིམ་སློབ་འབྲིང་ནི་བློ་རྒྱ་ཆེར་བསྐྱེད་བྱ་རྒྱུ་དེ་ཡིན། དེ་བཞིན་དུ། བྱིས་པ་ཚང་མ་ནི་གཞན་དང་མི་འདྲ་བའི་སྒེར་ཚུགས་ཅན་གྱི་མི་ཡིན་པ་དང་ཁོ་ཚོའི་ལུས་སྟེང་དུ་རང་ལ་དབང་བའི་འོད་སྣང་ཡོད་པ་ལ། ཁྱིམ་བདག་ཡིན་པའི་ཆ་ནས་བྱིས་པ་ཚོའི་དགེ་མཚན་མང་པོ་མཐོང་དགོས་ཤིང་བྱིས་པ་ཚོའི་འཚར་ལོངས་ལ་དོ་སྣང་བྱེད་དགོས།
ལྔ། འབྲེལ་འདྲིས་ཀྱི་ཐབས་ཤེས་ཁོང་དུ་ཆུད་པར་བྱེད་དགོས།
འབྲེལ་འདྲིས་བྱེད་པར་ཐབས་ཤེས་དང་ཐབས་རྩལ་ལ་དོ་སྣང་བྱེད་དགོས་པ་དང་། འབྲེལ་འདྲིས་བྱེད་སྐབས་གཤམ་གསལ་གྱི་གནད་དོན་འགའ་ལ་དོ་སྣང་བྱེད་དགོས། ཐོག་མར་ཚིག་པ་ཟ་བའི་ངང་བྱིས་པ་དང་འབྲེལ་འདྲིས་བྱེད་པར་འཛེམ་དགོས། གཉིས་ནས་བྱིས་པ་དང་འབྲེལ་འདྲིས་བྱེད་སྐབས་གང་ནུས་ཀྱིས་དངོས་ཡོད་དོན་དངོས་བརྗོད་པ་ལས་སྐྱོན་བརྗོད་ཉུང་ཙམ་བྱེད་དགོས། འདི་ལྟ་བུའི་འབྲེལ་འདྲིས་ནི་བྱིས་པ་ཚོས་དང་ལེན་བྱེད་སླ་བ་རེད། མཇུག་མཐར་ལེགས་པར་ཉན་དགོས་པ་དང་། གནས་ལུགས་དང་མཐུན་པར་ཉན་དགོས་ཤིང་། བྱིས་པའི་ཕྱོགས་ནས་ལངས་ཏེ་ཁོ་ཚོའི་མྱོང་ཚོར་ལ་གོ་བ་ལེན་ཤེས་དགོས།
དྲུག བྱིས་པར་ལུགས་མཐུན་ངང་རྒྱུ་རྐྱེན་འཚོལ་རྒྱུའི་ཁྲིད་སྟོན་བྱས་ནས་བྱིས་པར་ཚད་དང་རན་པའི་རེ་བ་འཛིན་པ།
ཁྱིམ་བདག་ཚང་མས་བྱིས་པ་འཇོན་ཐང་ཅན་དུ་འགྱུར་བའི་ལྟ་བ་ཡང་དག་བཙུགས་ནས་བྱིས་པའི་སྦྱངས་འབྲས་ལེགས་པོ་ཡོད་མེད་གང་ཡིན་ཡང་། དེར་ཚད་རན་པོ་དང་ཚུལ་མཐུན་གྱི་ལྟ་སྟངས་འཛིན་དགོས་པར་མ་ཟད། སློབ་སྦྱོང་གི་སྦྱངས་འབྲས་ལ་ལུགས་མཐུན་གྱི་ལྟ་སྟངས་འཛིན་དགོས། དེས་བྱིས་པར་སློབ་སྦྱོང་ཁྲོད་ཐོབ་པའི་གྲུབ་འབྲས་དང་གེགས་རྐྱེན་ལ་ལྟ་སྟངས་ཡང་དག་འཛིན་ཐུབ་པ་མ་ཟད། རྗེས་ཕྱོགས་ཁོ་ཚོ་ཡར་རྒྱས་ཆེན་པོ་འགྲོ་རྒྱུར་དེ་བས་ཕན་པ་ཡོད། དུས་མཚུངས་སུ་ཁྱིམ་བདག་གིས་བྱིས་པ་ལ་རོགས་རམ་བྱས་ནས་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་འཛུགས་པ་དང་། བྱིས་པའི་འབད་བརྩོན་གྱི་ཚད་ལ་དོ་ཁུར་བྱས་ནས་གྲུབ་འབྲས་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་བྱས་ཏེ། བྱིས་པ་དང་མཉམ་དུ་ད་ལྟའི་གནས་བབ་ལ་དབྱེ་ཞིབ་དང་། གནད་དོན་འཚོལ་བ། བྱེད་ཐབས་འཚོལ་ཞིབ་བཅས་བྱ་རྒྱུ་ནི་འགག་རྩ་ཡིན་པ་ལས་གྲུབ་འབྲས་ཁོ་ན་སྨྲ་བ་དང་སྐར་གྲངས་ཁོ་ན་སྨྲ་བ་མིན།
བདུན། ཁྱིམ་ཚང་དང་སློབ་གྲྭས་མཉམ་ལས་ཡག་པོ་བྱེད་དགོས།
སློབ་གྲྭས་སྤེལ་བཞིན་པའི་དྲ་ཐོག་དང་དྲ་ཕྱིའི་ཁྱིམ་ཚང་སློབ་གསོའི་བྱེད་སྒོར་མཐོང་ཆེན་དང་། སློབ་གྲྭར་ཡིད་ཆེས། དགེ་རྒན་ལ་ཡིད་ཆེས། དུས་ཐོག་ཏུ་སློབ་གྲྭ་དང་འབྲེལ་གཏུགས་བཅས་བྱས་ཏེ་བྱིས་པའི་ལུས་སེམས་གཉིས་ཀའི་འགྱུར་ལྡོག་ལ་རྒྱུས་ལོན་བྱ་དགོས་པར་མ་ཟད། བྱིས་པར་ཚན་རིག་དང་མཐུན་པའི་ངལ་གསོ་བཀོད་སྒྲིག་བྱེད་པར་ཁྲིད་སྟོན་ལུགས་མཐུན་བྱས་ཏེ། བྱིས་པ་ཁྱིམ་ལས་ངལ་རྩོལ་དང་། སྤྱི་ཚོགས་ལག་ལེན། སྤྱི་ཕན་བྱེད་སྒོ་བཅས་ལ་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བྱ་དགོས། གལ་ཏེ་བྱིས་པ་ལ་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་ན་ཁྱིམ་བདག་གིས་དུས་ཐོག་ཏུ་འཛིན་བདག་དང་འབྲེལ་བ་བྱེད་དགོས་པར་མ་ཟད། སྨན་བཅོས་སྡེ་ཁག་ཏུ་སོང་ནས་བརྟག་དཔྱད་བྱས་ཏེ། སྔ་མོ་ནས་དྲག་སྐྱེད་འབྱུང་བར་བརྩོན་ལེན་བྱེད་དགོས། ཁྱིམ་བདག་གིས་བྱིས་པའི་ཚེ་སྲོག་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པ་ཤེས་དགོས།
ཁྱིམ་བདག་དང་གྲོགས་པོ་ཚོ། བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བ་ནི་ཁྱེད་ཀྱི་མཛུབ་སྟོན་དང་སློབ་གསོ་ལ་ཁ་འབྲལ་ཐབས་མེད་པས། ཁྱེད་ཀྱིས་ལས་བྲེལ་ཆེ་ཡང་དུས་ཚོད་བཙལ་ནས་ཁོ་ཚོར་གཅེས་སྐྱོང་མང་ཙམ་དང་བསྔགས་སྐུལ་མང་ཙམ་བྱས་ཏེ། ཁྱིམ་ཚང་དང་སློབ་གྲྭས་ལག་རྡང་སྦྲེལ་ནས་མཉམ་དུ་བྱིས་པར་གཅེས་སྐྱོང་དང་། བྱིས་པའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་དང་བདེ་སྐྱིད་ཡོང་བར་བྱ་དགོས། མཐར་ཁྱེད་དང་བྱིས་པར་བདེ་ཐང་དང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ།།
མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན།
རྩོམ་སྒྲིག་པ། འབྲུག་མོ།