རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས་ཚེས་28ཉིན《པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཇུས་གཞི(པར་ཐེངས་དགུ་པ)》དངོས་སུ་འགྲེམས་སྤེལ་བྱས་པ་ཁྱབ་བསྒྲགས་བྱས་པ་དང་། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་དང་དྲིལ་བསྒྲགས་སིའི་སི་ཀྲང་གཞོན་པ་སྨི་ཧྥུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཚེས་28ཉིན།《པྲོག་གསར་གློ་ཚད་རིམད་ནད་ཀྱི་ནད་དུག་གསར་པའི་གློ་ཚད་སྔོན་འགོག་དང་ཚོད་འཛིན་ཇུས་གཞི(པར་ཐེངས་དགུ་པ)》དངོས་སུ་ཡོངས་བསྒྲགས་བྱས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས་རྒྱལ་ཡོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ། ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་བཟུང་ནས་པར་ཐེངས་དགུ་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཇུས་གཞི་ལག་བསྟར་ནན་པོ་བྱས་ཏེ། དོ་དམ་བྱེད་དགོས་པ་ཡོད་ཚད་ལ་མཐའ་གཅིག་ཏུ་དོ་དམ་བྱེད་པ་དང་། དོན་འཁྱོལ་བྱེད་དགོས་པ་ཐམས་ཅད་ལ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། མེད་པར་བཟོ་དགོས་པ་ཐམས་ཅད་མཐའ་གཅིག་ཏུ་མེད་པར་བཟོ་བ། གཅིག་མཚུངས་མེད་པའི་བྱ་ཐབས་དུས་བཀག་ནང་གཙང་སེལ་བཅས་བྱེད་དགོས་པ་ནན་བཤད་བྱས་ཡོད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་རིམ་པ་དང་པོའི་སྐོར་གཟིགས་པ་ལེ་ཀྲེང་ལུང་གིས་ངོ་སྤྲོད་བྱས་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་བཟོ་བཅོས་བྱེད་པར་གཙོ་བོ་རིམས་ནད་དུས་བབ་ཀྱི་འགྱུར་ལྡོག་དང་། ཨོ་སྨི་ཁི་རོང་གི་རྒྱུད་འགྱུར་དུག་སྲིན་གྱི་ཁྱད་ཆོས་དང་དེ་བཞིན་དུས་འགོའི་ཚོད་ལྟའི་ཞིབ་འཇུག་ལ་གཞིགས་ཏེ། ཧྲང་ཧའེ་དང་ཅི་ལིན་སོགས་ས་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཉམས་མྱོང་བསླབ་བྱ་དང་ཟུང་འབྲེལ་བྱས་པ་མ་ཟད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ལོ་སྟོད་དུ་ཡོངས་བསྒྲགས་བྱས་པའི་ཕྱོགས་སྟོན་ལ་གཞིགས་ཡོད། པར་ཐེངས་བརྒྱད་པ་དང་བསྡུར་ན་པར་ཐེངས་དགུ་པར་གཙོ་བོ་ཕྱོགས་གསུམ་ཐད་ནས་བཟོ་བཅོས་བྱས་ཡོད་དེ། ཉེན་ཁ་ཡོད་པའི་མི་སྣའི་ལོགས་བཀར་དོ་དམ་གྱི་དུས་བཀག་དང་བྱ་ཐབས་ལེགས་སྒྲིག་དང་། བཀག་སྡོམ་ཚོད་འཛིན་ཁུལ་དང་ཉེན་ཁ་འབྲིང་ཆེའི་ཁུལ་དབྱེ་འབྱེད་ཀྱི་ཚད་གཞི་བཟོ་བ། རིམས་ནད་ལྟ་ཞིབ་ཚད་ལེན་གྱི་བླང་བྱ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་ཡོད།
ལེ་ཀྲེང་ལུང་གིས་ནན་བཤད་བྱས་དོན། པར་ཐེངས་དགུ་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་ནི་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལེགས་སྒྲིག་བྱས་པ་ཞིག་ཡིན་པ་ལས། སྔོན་འགོག་དང་ཚོད་འཛིན་ཇེ་ལྷོད་དུ་བཏང་བ་ཞིག་གཏན་ནས་མིན་པར། བླང་བྱ་དེ་བས་མཐོ་རུ་ཕྱིན་ཏེ་དེ་བས་ཚད་ལྡན་དང་། དེ་བས་གནད་འཁེལ། དེ་བས་་མགྱོགས་མྱུར་བཅས་ཀྱི་རེ་བ་བཏོན་ཡོད། “ཕྱི་ནས་མི་འགོ་བ་དང་ནང་དུ་ཡང་བསྐྱར་མི་འབྱུང་བའི”སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་ལ་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚན་རིག་རང་བཞིན་དང་གནད་འཁེལ་རང་བཞིན་སྔར་བས་ཆེ་རུ་བཏང་སྟེ་ཐོན་ཁུངས་གང་ལེགས་སྤྱད་ནས་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཆོད་ཆེ་རུ་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་དགོས།
པར་ཐེངས་དགུ་པའི་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞིའི་ནང་ཉེན་ཁ་ཡོད་པའི་མི་སྣའི་ལོགས་བཀར་དོ་དམ་ཚོད་འཛིན་གྱི་དུས་བཀག་དང་བྱ་ཐབས་ཇེ་ལེགས་སུ་བཏང་ཡོད་པ་སྟེ། འབྲེལ་འདྲིས་དམ་ཟབ་ཡོད་མཁན་དང་མངའ་ཁོངས་ནང་ཡོང་མཁན་ལོགས་བཀར་དོ་དམ་ཚོད་འཛིན་གྱི་དུས་ཚོད་དེ“ཉིན་14གཅིག་སྡུད་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ+ཉིན་7རིང་ཁྱིམ་དུ་བསྡད་ནས་བདེ་ཐང་ལྟ་ཞིབ་ཚད་ལེན”བྱ་རྒྱུ་ནས“ཉིན7རིང་གཅིག་སྡུད་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ+ཉིན3རིང་ཁྱིམ་དུ་བསྡད་ནས་བདེ་ཐང་ལྟ་ཞིབ་ཚད་ལེན”བྱ་རྒྱུར་བསྒྱུར་བ་དང་། ཉིང་སྐྱུར་བརྟག་དཔྱད་བྱ་ཐབས་དེ“གཅིག་སྡུད་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་བྱས་རྗེས་ཀྱི་ཉིན་དང་པོ་དང་། བཞི་པ། བདུན་པ། བཅུ་བཞི་བཅས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པ་དང་། སྣ་དང་མིད་པ་ནས་མ་དཔེ་ལེན་པ། ལོགས་བཀར་མཚམས་མ་བཞག་གོང་ཉིང་སྐྱུར་མ་དཔེ་བསྡུ་ལེན་ཐེངས་གཉིས་དང་བརྟག་དཔྱད་ཐེངས་གཉིས་བྱེད་པ”ནས“གཅིག་སྡུད་ལོགས་བཀར་གསོ་རིག་ལྟ་ཞིབ་བྱས་རྗེས་ཀྱི་ཉིན་དང་པོ་དང་། གཉིས་པ། གསུམ་པ། ལྔ་པ། བདུན་པ་བཅས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པ་དང་། ཁྱིམ་དུ་བསྡད་ནས་བདེ་ཐང་ལྟ་ཞིབ་ཚད་ལེན་བྱས་པའི་ཉིན་གསུམ་པར་ཉིང་སྐྱུར་བརྟག་དཔྱད་བྱེད་པ། ཁ་དང་མིད་པ་ནས་མ་དཔེ་ལེན་པར”བསྒྱུར་ཡོད། གཅིག་སྡུད་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་མཚམས་མ་བཞག་གོང་ཉིང་སྐྱུར་མ་དཔེ་བསྡུ་ལེན་ཐེངས་གཉིས་དང་བརྟག་དཔྱད་ཐེངས་གཉིས་བྱེད་མི་དགོས་པ་རེད། བརྒྱུད་འབྲེལ་ཡོད་མཁན་ལ་དོ་དམ་ཚོད་འཛིན་བྱེད་པའི་བྱ་ཐབས་དེ“ཉིན7རིང་གཅིག་སྡུད་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ”ནས“ཉིན7རིང་ཁྱིམ་དུ་བསྡད་ནས་གསོ་རིག་ལྟ་ཞིབ”བྱེད་པར་བསྒྱུར་བ་དང་ཉིན་དང་པོ་དང་། བཞི་པ། བདུན་པ་བཅས་ལ་ཉིང་སྐྱུར་བརྟག་དཔྱད་བྱས་ན་ཆོག་པ་རེད།།
རྩོམ་སྒྲིག་པ། འབྲུག་མོ།