དབྱར་ཁར་ཚ་གདུག་ཆེ་བས། ལུས་སྟེང་ནས་རྔུལ་ཆུ་མང་པོ་བཞུར་སྲིད་པ་ནི་བཤད་མ་དགོས་པ་ཞིག་རེད། མི་ལ་ལར་འགུལ་སྐྱོད་ཅུང་ཙམ་བྱས་ནའང་རྔུལ་ཆུ་མང་པོ་བཞུར་སྲིད་ཅིང་། ལ་ལར་ད་དུང་སེམས་ཁམས་ལ་གཡོ་འཁྱོམས་རེ་བྱུང་ནའང་ལུས་ནས་རྔུལ་ཆུ་འབྱུང་ལ། འགའ་རེ་ད་དུང་ཁང་བའི་ནང་དུ་ལས་ཀ་ཅི་ཡང་མེད་པར་ངལ་གསོས་ནས་བསྡད་ནའང་རྔུལ་ཆུ་བཞུར་སླ། ཡིན་ནའང་མི་ཁག་ཅིག་ལ་ཧ་ལམ་རྔུལ་ཆུ་གཏན་ནས་བཞུར་མི་སྲིད་པའང་ཡོད།
དོན་དངོས་སུ་རྔུལ་ཆུ་ཐོན་ཚུལ་གང་ཞིག་རྒྱུན་ལྡན་ཡིན་པ་དང་། རྔུལ་ཆུ་ཐོན་ཚུལ་གང་ཞིག་སྨན་པར་སྟོན་དགོས་པ། རྔུལ་ཆུ་བཞུར་ན་ལུས་ཕུང་གིས་བརྡ་ཅི་ཞིག་སྟོན་བཞིན་པ་སོགས་མི་མང་པོས་ཤེས་ཀྱིན་མེད་པས། གནད་དོན་འདི་དག་ལ་རྒྱུས་ལོན་གསལ་བོ་ཞིག་བྱེད་བསམས་ན། ཐོག་མར་མང་ཚོས་ལུས་སྟེང་ནས་རྔུལ་ཆུ་བཞུར་བའི་རྒྱུ་རྐྱེན་ཅི་ཡིན་པ་དེ་ཤེས་དགོས།
དེང་རབས་གསོ་རིག་གི་ངོས་འཛིན་ལྟར་ན། རྔུལ་ཆུ་ནི་ཚོར་འགྲིམ་དབང་རྩར་ངར་ལངས་དྲགས་པས་རྔུལ་ཆུ་མང་པོ་བཞུར་བའི་མངོན་རྟགས་བྱུང་བ་ཡིན་ལ། མང་ཆེ་བ་སེམས་འཚབ་པ་དང་འབྲེལ་བ་ཡོད་ཟེར། ཀྲུང་ལུགས་གསོ་རིག་གིས་རྔུལ་ཆུ་བཞུར་བར་ཐུན་མོང་མ་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་ཡོད་དེ། 《ཧོང་ཏིའི་སྨན་གཞུང》ནང་དུ་རྔུལ་ཆུ་འབྱུང་བར་ཕྱོགས་གཉིས་ཀྱི་རྒྱུ་རྐྱེན་ཡོད་པ་ཡིན། གཅིག་ནི་གདགས་རླུང་གི་དྲོད་ཚད་དང་། གཉིས་ནི་སྲིབ་གཤེར་གྱི་རྒྱས་ཚད་ཡིན། གདགས་རླུང་འཕེལ་ན་སྲིབ་གཤེར་ནས་རྔུལ་ཆུ་འདོན་པ་དང་། མིའི་ལུས་སྟེང་ནས་རྔུལ་ཆུ་ཐོན་པ་བརྒྱུད་དེ་ལུས་སྟེང་གི་གདགས་སྲིབ་དོ་མཉམ་ཡོང་བར་བྱེད་ཀྱིན་ཡོད། དེར་བརྟེན། མིའི་ལུས་སྟེང་དུ་གདགས་རླུང་རྒྱས་པའམ་ཆུ་གཤེར་དོ་མཉམ་མིན་པའི་སྣང་ཚུལ་བྱུང་ན། རྒྱུན་ལྡན་མིན་པའི་རྔུལ་ཆུ་འབྱུང་བ་རེད་ཟེར།
མི་ལ་ལར་རྔུལ་ཆུ་བཞུར་སླ་བ་དང་ལ་ལར་རྔུལ་ཆུ་བཞུར་དཀའ་བ་དེ་མི་སྒེར་གྱི་ལུས་སྟོབས་དང་འབྲེལ་བ་ཡོད་དམ་ཞེ་ན།
གཅིག ལུས་སྟོབས་ཞན་ན་རྔུལ་ཆུ་བཞུར་སླ། རྔུལ་ཆུ་མང་པོ་བཞུར་ན་ལྷག་ཏུ་ལུས་ཟུངས་ཉམས་པའི་ནད་རྟགས་མངོན་སྲིད། རྒྱུ་མཚན་ནི་དབུགས་དང་ཟགས་ཆུ། དབུགས་དང་ཁྲག་བཅས་མཉམ་དུ་རྒྱུ་བཞིན་ཡོད་པས། རྔུལ་ཆུ་མང་པོ་བཞུར་ན་དབུགས་ནི་རྔུལ་ཆུ་དང་འགྲོགས་ནས་འཆོར་སྲིད་པས། ལུས་ཟུངས་ཞན་པའི་མི་ལ་རྔུལ་ཆུ་བཞུར་དུས་རྒྱུན་པར་ངལ་དུབ་འབྱུང་བ་དང་། དབུགས་འཚངས་པ། ཚབས་ཆེ་ན་ད་དུང་རྐང་ལག་འཁྱག་པ་སོགས་ཀྱི་སྣང་ཚུལ་ཡང་འབྱུང་སྲིད་པ་ཡིན།
གཞན་ཡང་ཀྲུང་ལུགས་གསོ་རིག་གི་ངོས་འཛིན་ལྟར་ན། རྔུལ་ཆུ་ནི་སྙིང་གི་གཤེར་ཁུ་ལྟ་བུ་ཡིན་ཞིང་། སྙིང་ནད་ཅན་གྱི་མི་ལ་རྒྱུན་ལྡན་མིན་པར་རྔུལ་ཆུ་བཞུར་བ་དང་། རྔུལ་ཆུ་མང་པོ་བཞུར་བ་ལས་ལྷག་ཏུ་སྙིང་ལ་ཕོག་ཐུག་ཐེབས་ནས་སྙིང་འཕར་བ་དང་བྲང་ཁ་མི་བདེ་བ་སོགས་ཀྱི་རྟགས་མངོན་ཚེ་ངེས་པར་དུ་དུས་ལྟར་གསོ་བཅོས་བྱེད་དགོས། དཔེར་ན་སྙིང་རྩ་འགག་པའི་ནད་པར་རྒྱུན་དུ་བྲང་གཟེར་འབྱུང་བ་དང་རྔུལ་ཆུ་མང་པོ་བཞུར་བ། དྲན་མེད་དུ་བརྒྱལ་བའི་ནད་ཐོག་གི་མངོན་རྟགས་འབྱུང་སྲིད་པ་ལྟ་བུ་རེད།
གཉིས། གདགས་དྲོད་རྒྱས་ན་རྔུལ་ཆུ་བཞུར་སླ་བ། མི་འདིའི་རིགས་ལ་རྔུལ་ཆུ་བཞུར་རྗེས་འབྱུང་ཁམས་ཇེ་བདེར་འགྲོ་བ་ཡིན། རྒྱུ་མཚན་ནི་ལུས་སྟེང་གི་མེ་ལྟར་ཚ་བའི་རང་བཞིན་གྱི་དུག་རྒྱུ་དེ་རྔུལ་ཆུ་དང་འགྲོགས་ནས་ལུས་ཕྱི་ལ་འདོན་བཞིན་ཡོད་པས་རེད། ཁོང་ཁྲོ་ལངས་སླ་ཞིང་སེམས་ཁམས་མི་སྐྱིད་པའི་མིས་འགུལ་སྐྱོད་བྱས་རྗེས། ལུས་སྟེང་ནས་རྔུལ་ཆུ་བཞུར་བ་དང་བསྟུན་ནས། སེམས་ཁམས་ལ་སྤྲོ་སྣང་རྒྱས་པའི་རྒྱུ་རྐྱེན་ཡང་འདིར་ཐུག་ཡོད།
གསུམ། རྔུལ་ཆུ་བཞུར་མི་སླ་བའི་མི་མང་ཆེ་བ་གྲང་རློན་གཟུགས་གཞིའི་ཁོངས་སུ་གཏོགས་པ་ཡིན། མི་འདིའི་རིགས་ཀྱི་ལུས་སྟེང་གི་རྙིང་ཚབ་གསར་འབྱེད་བྱེད་ཚད་དལ་ཞིང་། རྒྱུན་པར་འཁྱགས་ཟས་རིགས་ཟ་རྒྱུར་དགའ་བ་དང་། གྲང་རློན་གཟུགས་གཞིའི་ཁོངས་སུ་གཏོགས་པའི་བུད་མེད་ཀྱིས་ལུས་སྟེང་གི་ཚོ་བྱང་དུ་འཇུག་དཀའ་བར་མ་ཟད། ད་དུང་མངལ་ནད་གྲང་བར་བསྡོངས་ནས་མངལ་སྦྲུམ་དཀའ་བ་ཡིན། མི་འདིའི་རིགས་ཀྱིས་དྲོད་གསོ་རླུང་གསོའི་ཟས་རིགས་མང་ཙམ་ཟ་དགོས་པ་དང་། ལུས་རྩལ་སྦྱོང་བརྡར་ལ་ཤུགས་སྣོན་དགོས། ད་དུང་རྩྭ་སྨན་ལ་བསྟེན་ནས་སྨན་བཅོས་བྱེད་པ་སོགས་ཀྱིས་ཀྱང་ནད་རྟགས་ལེགས་བཅོས་བྱེད་ཐུབ།
ལུས་ཀྱི་གནས་མི་འདྲ་བ་སོ་སོའི་རྔུལ་ཆུའི་བཞུར་རྐྱེན་ཡང་མི་འདྲ།
སྨན་ཁང་དུ་རྒྱུན་པར་ནད་པ་མང་པོས་དམིགས་བསལ་གྱི་གནས་མང་པོ་ཞིག་ནས་རྔུལ་ཆུ་བཞུར་ཚུལ་བཤད་ཀྱིན་འདུག་པས། དོན་གྱིས་ལུས་ཀྱི་གནས་མི་འདྲ་བར་རྔུལ་ཆུ་བཞུར་ན་དེའི་གང་ཞིག་མཚོན་པ་ཡིན་ནམ་ཞེ་ན།
མགོ་ནས་རྔུལ་ཆུ་བཞུར་བ། མི་ལ་ལའི་མགོ་ནས་རྔུལ་ཆུ་བཞུར་བ་དེ་ནི་སྤྱིར་བཏང་དུ་ལུས་སྟེང་དུའང་ཚ་བ་ཡོད་པས་ཡིན། མགོ་ནི་གདགས་དྲོད་ཀུན་གྱི་ཚོགས་ཡིན་ལ། གདགས་རླུང་ཆེས་མང་བས། མགོ་ནས་རྔུལ་ཆུ་བཞུར་བ་རེད།
རྐང་མཐིལ་དང་ལག་མཐིལ་ནས་རྔུལ་ཆུ་མང་པོ་བཞུར་བ་ནི་གློ་བ་དང་འབྲེལ་བ་ཡོད་པ་རེད། གློ་བར་ཚ་རྒྱས་པ་དང་ཡང་ན་གློ་རླུང་ཟད་ན་རྐང་མཐིལ་དང་ལག་མཐིལ་ནས་རྔུལ་ཆུ་མང་པོ་བཞུར་སྲིད། གཞན་ཡང་མི་ལ་ལར་ད་དུང་སེམས་ཁམས་འཚབ་པའི་སྐབས་སུ་རྐང་མཐིལ་དང་ལག་མཐིལ་ནས་རྔུལ་ཆུ་བཞུར་བ་དེ་ནི་ཕལ་ཆེར་མཆིན་པ་དང་དབུགས་རྒྱུ་དཀའ་བའི་ཁོངས་སུ་གཏོགས་པ་རེད།
མཆན་འོག་ནས་རྔུལ་ཆུ་བཞུར་བ། མཆན་འོག་ཏུ་རྔུལ་ཐོན་རྨེན་བུ་མང་པོ་ཡོད་པས་རྒྱུན་ལྡན་གྱི་གནས་ཚུལ་འོག་རྔུལ་ཆུ་ཐོན་སླ་བ་ཡིན། འོན་ཀྱང་གལ་ཏེ་མཆན་འོག་ནས་རྔུལ་ཆུ་བཞུར་ཚུལ་རྒྱུན་ལྡན་མིན་པའི་དུས་མཉམ་དུ་ལུས་ཤུགས་མེད་པ་དང་། དབུགས་རྒོད་པ་སོགས་ཀྱི་ནད་རྟགས་ཡོད་ཚེ། ལུས་སྟོབས་ཞན་པ་དང་འབྲེལ་བ་ཡོད་པ་རེད།
གསང་སྒྲོའི་གནས་སུ་རྔུལ་ཆུ་མང་དུ་ཐོན་པ་ནི་འོག་གི་ཚ་རློན་དང་འབྲེལ་བ་ཡོད།
ལུས་ཀྱི་གཞོགས་ཕྱེད་ནས་རྔུལ་ཆུ་བཞུར་བ་ནི་སྤྱིར་བཏང་དུ་གཟའ་གྲིབ་བྱུང་རྗེས་ཕྱོགས་ཕྱེད་ཞ་བོར་གྱུར་བའི་ནད་པར་འབྱུང་བ་ཡིན། ནད་པའི་གཞོགས་ཕྱེད་ཡན་ལག་ནས་རྔུལ་ཆུ་རྒྱུན་ལྡན་མིན་པར་བཞུར་ལ། དེ་ནི་དེའི་གཞོགས་ཕྱེད་ཡན་ལག་གི་རྩ་དཀར་ནག་གི་ཁྲག་རྒྱུན་འགག་པ་དང་འབྲེལ་བ་ཡོད་པ་རེད།
དམིགས་བསལ་ཅན་གྱི་རྔུལ་ཆུའི་མདོག་སེར་པོ་དང་དམར་པོའི་མངོན་རྟགས།
ནད་པ་ལ་ལར་རྔུལ་ཆུ་བཞུར་བའི་ཁ་དོག་སེར་པོ་དང་དམར་པོ་འབྱུང་བའང་ཡོད་དེ། ཚབས་ཆེ་ན་རྔུལ་ཆུ་བཞུར་ནས་གོན་པའི་མདོག་ཀྱང་སེར་པོ་དང་དམར་པོར་བསྒྱུར་བའང་ཡོད།
རྔུལ་མདོག་སེར་པོ་ནི་མཆིན་མཁྲིས་ཀྱི་རླན་ཚས་བསྐྱེད་པ་ཡིན། རྔུལ་མདོག་དམར་པོ་ཡིན་པའི་ནད་པ་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་ཏེ། ཁྲག་རྒྱུན་མ་ལག་གི་ནད་རིགས་སམ་སྐྱི་པགས་འབྱར་སྐྱི་ནས་ཁྲག་ཐོན་པ་སོགས་ནད་རིགས་ཡིན་མིན་ཐག་གཅོད་བྱེད་དགོས་པ་དང་། དེ་མིན་སྐྱི་པགས་སྟེང་དུ་འབུ་ཕྲ་ཡོད་པ་ལས་རྔུལ་ཆུའི་མདོག་བསྒྱུར་མིན་སོགས་ལ་བརྟག་དཔྱད་གསལ་བོ་བྱེད་དགོས། རྔུལ་ཆུའི་མདོག་དམར་པོ་དང་བསྡོངས་བའི་ནད་རྟགས་ལ་གཞིགས་ནས། ཀྲུང་ལུགས་གསོ་རིག་གིས་རྒྱུན་པར་ལུས་ཟུངས་ཉམས་པ་དང་སྙིང་གི་མེ་དྲོད་རྒྱས་དྲག་པ་སོགས་ལ་ངོས་འཛིན་སྲིད།
དྲོད་སྙོམ་འཕྲུལ་ཆས་ཁང་པར་ཡུན་རིང་འདུག་མི་རུང་།
ལུས་ཟུངས་གསོ་ན་དུས་བཞིའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་བསྟུན་དགོས། དབྱར་དུས་གནམ་གཤིས་ཚ་བ་ཆེ་བས་ང་ཚོས་རང་བྱུང་ཁམས་ཀྱི་མཁའ་རླུང་ལ་བརྟེན་པ་དེ་ནི། མིའི་ལུས་ཁམས་ཀྱི་གདགས་རླུང་གསོ་བའི་གོ་སྐབས་ཡག་ཤོས་ཤིག་ཡིན། ཉི་མའི་ཚ་དྲོད་ཀྱིས་རྔུལ་ཆུ་མང་པོ་བཞུར་སྲིད་པས་དབྱར་དུས་རྔུལ་ཆུ་བཞུར་བ་ནི་རྒྱུན་ལྡན་གྱི་ལུས་ཁམས་སྣང་ཚུལ་ཞིག་ཡིན།
འོན་ཀྱང་མི་རྣམས་དྲོད་སྙོམ་འཕྲུལ་ཆས་ཁང་དུ་འདུག་རྒྱུར་དགའ་བས། དབྱར་དུས་ཧྲིལ་བོར་རྔུལ་ཆུ་དེ་འདྲ་ཕྱིར་འདོན་མི་སྲིད་པ་རེད། དྲོད་སྙོམས་འཕྲུལ་ཆས་བཞག་ཡོད་པའི་ཁང་བ་ནི་བསིལ་གྲང་ཁོར་ཡུག་གི་ཁོངས་སུ་གཏོགས་པ་དང་། དེའི་ཁར་དབྱར་དུས་ཆར་ཆུ་མང་ལ་ནམ་ཟླ་ལྟོས་བཅས་ཀྱིས་བརླན་བཤེར་ཆེ་བས། དུས་ཡུན་རིང་བོར་དྲོད་སྙོམ་འཕྲུལ་ཆས་ཁང་དུ་བསྡད་ཡོད་པའི་མིའི་ལུས་པོ་ལྗིད་ཏིག་གེར་གནས་པ་དང་། ཤུགས་མེད་པ། ལུས་ཉོབ་པ་བཅས་ཀྱི་ཚོར་སྣང་འབྱུང་སྲིད། དུས་མཚུངས་སུ་ད་དུང་དགུན་དུས་ལུས་སྟོབས་ཇེ་ཞན་དུ་འགྲོ་བས། རབ་ཡིན་ན་མི་རྣམས་དུས་ཡུན་རིང་བོར་དྲོད་སྙོམ་འཕྲུལ་ཆས་བཞག་ཡོད་པའི་ཁང་བའི་ནང་དུ་མ་བསྡད་ན་བཟང་།།
རྒྱུན་ལྡན་མིན་པའི་སྒོ་ནས་རྔུལ་ཆུ་བཞུར་ན་ཇི་ལྟར་བྱ་དགོས།
མི་རེ་རེའི་ལུས་སྟོབས་མི་འདྲ་བ་ལྟར། རྒྱུན་ལྡན་མིན་པའི་སྒོ་ནས་རྔུལ་ཆུ་བཞུར་བའི་རྒྱུ་རྐྱེན་གཙོ་བོ་ནི་ལུས་ཟུངས་ཉམས་པ་དང་རླན་ཚའི་རང་བཞིན་བཅས་ཡིན་ལ། དེའི་ནད་རྐྱེན་ལ་གློ་བ་དང་སྙིང་། མཆེར་པ། མཆིན་པ། མཁལ་མ་སོགས་དོན་ལྔ་དང་འབྲེལ་བ་ཡོད་པ་རེད། གསོ་བཅོས་ཀྱི་ཕྱོགས་ནས་གཙོ་བོར་རླུང་ལ་ཕན་པ་དང་རླན་སེལ་བ། སྲིབ་རླུང་གསོ་བ། ཚ་བ་སེལ་བ་བཅས་གཙོ་བོ་ཡིན། རྒྱུན་སྤྱོད་ཀྱི་སྨན་ལ་ཡུས་ཕེན་ཧྥིན་སན(玉屏风散)དང་མའེ་བེ་ཏིས་ཧོང་རིལ་བུ(麦味地黄丸)། སི་མེའོ་རིལ་བུ། (四妙丸)ཀོས་ཀྲི་ཐང(桂枝汤)སོགས་ཡོད།
གོང་གི་སྣང་ཚུལ་དེ་དག་ལས། བལྟས་ཚོད་ཀྱིས་རྒྱུན་ལྡན་ཡིན་པའི་རྔུལ་ཆུ་བཞུར་ཚུལ་དེ་དག་ལའང་ང་ཚོས་ཧ་ཅང་དོ་སྣང་བྱེད་དགོས་པ་ཤེས་ཐུབ། རྔུལ་ཆུའི་མདོག་དང་བཞུར་ཚད། བཞུར་གནས། རྔུལ་ཆུ་དང་བསྡོངས་པའི་ནད་རྟགས་སོགས་ཀྱིས་ལུས་ཁམས་ཀྱི་གདགས་རླུང་དང་སྲིབ་རླུང་གི་དར་རྒུད་ཀྱི་གནས་ཚུལ་མཚོན་པ་རེད། གལ་ཏེ་རྒྱུན་ལྡན་མི་པར་རྔུལ་ཆུ་བཞུར་བའི་མངོན་རྟགས་བྱུང་ན་སྨན་ཁང་དུ་སོང་ནས་སྨན་པར་སྟོན་དགོས། །
གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།
ཡིག་སྒྱུར་བ། འབྲུག་མོ།