རྒྱུན་བསྟེན་ཁ་ཟས་ཀྱི་སྐོར།
2022.07.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 31

གཅིག  འབྲས།

འབྲས་ནི་བརླན་གཤེར་ཆེ་བའི་ས་ཆར་འདེབས་འཛུགས་བྱེད་པ་དང་། དེ་ལ་ཡང་རང་རྒྱལ་གྱི་ཐེ་ཝན་སོགས་རྒྱ་མཚོའི་འགྲམ་གྱི་ཞིང་ཆེན་ཁག་ནས་ཐོན་པ་དང་། དེ་མིན་ཐེ་གོ་སོགས་ཕྱི་རྒྱལ་ཁག་ནས་ཐོན་པའི་འབྲས་རིགས་སྣ་ཚོགས་ཡོད་ཅིང་། དབྱིབས་དང་ཁ་དོག ཐོན་རྫས་ཀྱི་སྤུས་ཚད། བཙོས་རྗེས་ཀྱི་བྲོ་བ་སོགས་མི་འདྲ་བ་མང་པོ་ཡོད་ལ། ནུས་པ་ཡང་དེ་མཚུངས་ཀྱི་མི་འདྲ་བ་མང་པོ་ཡོད་ངེས་ཡིན་ཞིང་། སྤྱིའི་ཆ་ནས་བཤད་ན། འབྲས་ནི་ནུས་པ་བསིལ་ལ་ཡང་པས་རླུང་མཁྲིས་བད་ཀན་ཏེ་ཉེས་པ་གསུམ་གར་མི་གནོད་པར་ཕན་པ་དང་། ལྷག་པར་དུ་རོ་ཙ་གསོ་བ་དང་ལུས་ཀྱི་སྟོབས་དང་མདངས་སོགས་བསྐྱེད་ཅིང་། འཁྲུ་སྐྱུགས་ཀྱི་ནད་ལ་ཕན་པ། ཕོ་མཆེར་གྱི་ནུས་པ་གསོ་ཞིང་ཟས་འཇུའི་ཡི་ག་འབྱེད་པ་བཅས་ཀྱི་ནུས་པ་ལྡན་པ་དང་། བཤང་བ་འགག་པར་བྱེད་པས་གཞང་འབྲུམ་སོགས་ལ་ཅུང་ཟད་གནོད་པ་ཡིན།

གཉིས། རྩམ་པ།

རྩམ་པ་ནི་བོད་མི་རིགས་ཀྱི་ཆེས་གནའ་དུས་ནས་ལོངས་སུ་སྤྱོད་པའི་ཟས་རིགས་གལ་ཆེན་ཞིག་ཡིན་ལ། བོད་ལ་མ་གཏོགས་མེད་པའི་དམིགས་བསལ་ཟས་རིགས་ཤིག་ཀྱང་ཡིན་པར་མ་ཟད། ལོ་ན་རྒན་དར་གཞོན་གསུམ་དང་ནད་ཅན་ནད་མེད་སུས་བསྟེན་ཀྱང་གནོད་པ་མེད་པར་གྲགས་པའི་ཟས་རིགས་མཆོག་ཏུ་གྱུར་བ་ཞིག་ཡིན་པའི་སྐད་གྲགས་ཆོད་ཡོད། དེ་ཡང་རྩམ་པའི་སྤུས་ཚད་དང་། གསར་རྙིང་། བརྔོ་འཐག་བྱས་པའི་ལག་རྩལ་བཟང་ངན་ལས་ལུས་ཁམས་ལ་ཕན་གནོད་སྣ་ཚོགས་འབྱུང་བ་ཡིན་པས་རྩམ་པ་ཡིན་པ་ཙམ་གྱིས་གནོད་མེད་ཁ་ཟས་སུ་མི་བསྒོམ་པར་སྤུས་ཚད་ལ་དོ་སྣང་བྱེད་རྒྱུ་དེ་ཡང་གལ་ཆེན་ཞིག་ཡིན།

རྩམ་པ་བཟོ་བྱེད་ནི་གཙོ་བོ་ནས་ཀྱི(ནས་དཀར། ནས་ནག ནས་སྔོན།)རིགས་རྣམས་ཡིན་པ་དང་། དེ་མིན་གྲོ་དང་སྲན་མ། རམ་བུ་སོགས་ཀྱིས་རྩམ་པ་བཟོ་མཁན་ཡང་ཡོད་ཅིང་། དང་པོ་ནས་ལས་བཟོས་པའི་རྩམ་པའི་ནུས་པ་ནི་རོ་ཙ་གསོ་བ་དང་ལུས་སྟོབས་བསྐྱེད་པ། ལུས་ཀྱི་ཚིལ་བྲི་བ། རླུང་ཁྲག་འཁོར་སྐྱོད་དང་སྣོད་ཀྱི་མཁྲིས་པའི་ལྡང་ཚད་སྙོམ་པ། བད་ཀན་གྱི་ནད་དེ་སྣུམ་གྱི་རིགས་མ་ཞུ་བའི་ནད། ཆམ་པ་དང་ལུད་པ་དབུགས་མི་བདེ་བའི་ནད་སོགས་སེལ་ཞིང་། ཁྱད་པར་དུ་གཅིན་སྙི་ཟ་ཁུའི་ནད་ལ་མཆོག་ཏུ་གྱུར་བ་ཡིན། གཞན་ཡང་བཤང་བ་འབབ་བདེ་རུ་འགྲོ་བ་དང་ཟས་ཀྱི་ཡི་ག་འབྱེད་པ། ལུས་ཀྱི་ཚིལ་ཞག་འཇུ་བ་སོགས་ཀྱི་ནུས་པ་ཡོད་པས། ཉིན་ལྟར་ཞོགས་པར་རྩམ་པ་ཟོས་ན་བཤང་བ་འབབ་བདེ་རུ་འགྲོ་བ་དང་། གཅིན་སྙི་ཟ་ཁུའི་ནད་མི་འབྱུང་བའི་སྔོན་འགོག་བྱེད་ཐུབ། རྩམ་པ་ཟོས་མ་མྱོང་བའི་མིས་རྩམ་པ་ཐོག་མར་ཟོས་ན་ཁོག་པ་ཅུང་ཟད་སྦོས་པའི་སྣང་ཚུལ་ཡོད་ཀྱང་རིམ་བཞིན་བསྟེན་རྗེས་ལུས་ཀྱི་སྙིགས་མ་ཕྱིར་འབུད་པ་དང་དྭངས་མ་རང་གནས་སུ་རྒྱུ་བ་སོགས་ཀྱི་ཕན་ནུས་བསམ་གྱིས་མི་ཁྱབ་པ་ཡོད། རྩམ་པའི་ནང་ནས་མཆོག་ཏུ་གྱུར་བ་ནི་ལོ་གཅིག་སོང་བའི་ནས་རྙིང་པ་བརྔོས་པའི་རྩམ་པ་ཡིན་པར་བོད་ལུགས་གསོ་རིག་རྒྱུད་ན་བསྟན་ཡོད། འོན་ཀྱང་ནས་བརྔོ་བའི་སྐབས་སུ་གཞོབ་འཚིག་ཏུ་སོང་བའམ་མ་ཚོས་པའི་རློན་པ་དང་། ནས་ཆུ་རན་པོ་མ་བྱུང་བ། ཟླ་བ་གཅིག་གཉིས་ཕྱིན་པའི་རྩམ་པ་རྙིང་བ་དྲི་མ་ཅན་རྣམས་ནི་ཕོ་བས་འཇུ་དཀའ་ཞིང་། ཕོ་མཆིན་མཆེར་བ་སོགས་འཇུ་བྱེད་མ་ལག་ལ་གནོད་པ་འབྱུང་བའི་ཕྱིར་ན་སྤང་བར་བྱ། ལྷག་པར་དུ་དེང་སྐབས་རྩམ་པའི་བཟོ་གྲྭ་མང་པོས་རྩམ་པའི་ལྗིད་ཆེ་བའི་ཕྱིར་དུ་ཡོས་ཁྲ་ཤིན་ཏུ་ལེགས་པོ་མ་རྒྱུག་པའམ་མ་ཚོས་པར་རློན་པར་འཐགས་མཁན་མང་པོ་ཡོད་པ་དང་། ནས་དང་གྲོ་མཉམ་དུ་བསྲེས་པ། ནས་བརྔོ་སྐབས་བྱེ་མའི་ནང་དུ་མི་བརྔོ་བར་ལྕགས་ཟངས་ཀྱི་ནང་དུ་སྐམ་བརྔོས་བྱས་པ་བཅས་ནི་སྲོལ་རྒྱུན་གྱི་རྩམ་པ་སྤུས་དག་བཟོ་རྒྱུན་དག་དང་མི་འཚམས་པས་ལུས་ལ་གནོད་པ་འབྱུང་ཀྱང་སྲིད།

དེང་རབས་གསོ་རིག་པས་རྩམ་པའི་འཚོ་བཅུད་ལ་བརྟགས་པ་ལས། སྤྲི་དཀར་འཚོ་བཅུད་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་ལྔ་དང་། སྣུམ་ཞགས་བརྒྱ་ཆའི་གཉིས། ཐན་སྐྱུར་འདྲེས་རྫས་བརྒྱ་ཆའི་དོན་ལྔ། གཞི་སྐྱུར་ཨན་རིགས་བརྒྱ་ཆའི་བཅུ་བཞི་ཡས་མས་བཅས་ཡིན་ཞིང་། ཀའེ་དང་། ལྕགས་རྒྱུ། ཞིན་སོགས་ཚད་ཉུང་མ་རྒྱུ་མང་པོ་འདུས་ཡོད་པ། ད་དུང་འཚོ་བཅུདBགཅིག་ཀྱང་འདུས་ཡོད་པ་རེད་ཟེར།

གཉིས་པ་སྲན་མ་ལས་བཟོས་པའི་རྩམ་པ་ནི་བྱེ་མ་ཤིན་ཏུ་ཚ་བའི་ནང་དུ་མ་བརྔོས་ན་ཚོས་དཀའ་བ་དང་། རང་འཐག་བཟང་པོ་མེད་ན་ཕྱེ་མར་འཐག་དཀའ་བ་ཞིག་ཡིན། སྲན་མ་སྤུ་བཅད་པའི་སྲན་རྩམ་ནི་གསེར་གྱི་ཕྱེ་མ་ལྟ་བུ་མདོག་བཟང་ལ་རོ་ཅུང་ཟད་མངར་ཞིང་། ནུས་པ་ཅུང་ཟད་ཐུར་དུ་འཁྲུ་བ་བྱེད། མེ་དྲོད་ཞན་ན་འཇུ་དཀའ་ཞིང་། མཁྲིས་ཚད་སེལ་ཞིང་སྣུམ་འཇུ་བར་བྱེད། དེང་རབས་གསོ་རིག་ལས་ཁྲག་མངར་གཅོག་པའི་ནུས་པ་ལྡན་སྟབས། གཅིན་སྙི་ཟ་ཁུའི་ནད་ལ་ཕན་ཐོགས་ཆེན་པོ་ལྡན་པ་ཡིན།

གསུམ་པ་གྲོ་ལས་བཟོས་པའི་རྩམ་པ་ནི་ནས་ཀྱི་རྩམ་པ་ལས་རོ་མངར་ཤས་ཆེ་ལ་ངོ་བོ་ཅུང་བསིལ་ཞིང་ལྕི་བས་སྨད་ཀྱི་མཁལ་སྐེད་གྲང་བའི་ནད་ལ་ཅུང་ཟད་གནོད་པར་བསྟན།

བཞི་བ། རམ་བུ་ལས་བཟོས་པའི་རྩམ་པ་ནི་རོ་མངར་ལ་ནུས་པ་ཡང་ཞིང་དྲོ་བས་བཤལ་གཅོད་པ་དང་། གཅིན་སྙི་ཟ་ཁུའི་ནད་ལ་མཆོག་ཏུ་ཕན།

གསུམ། གྲོ་དང་གྲོ་ཞིབ།

དེ་ལ་དེང་སྐབས་ཁྲོམ་རའི་ནང་དུ་སྤུས་ཚད་བཟང་ངན་དང་འབྲིང་གསུམ་མང་པོ་ཐོན་ཡོད་ལ། གསར་རྙིང་གི་ཁྱད་པར་ལས་ལུས་ཁམས་ལ་འཕྲོད་ཆེ་ཆུང་གི་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་ལ། བཙོ་བསྲེགས་བརྔོས་གསུམ་སོགས་གཡོས་སྦྱོར་བྱེད་ལུགས་ལས་ཀྱང་ཁྱད་པར་ཆེན་པོ་ཡོད་པ་བཤད་མ་དགོས་མོད། སྤྱིའི་ཆ་ནས་བཤད་ན་རོ་མངར་ལ་ནུས་པ་སྣུམ་བསིལ་ལྕི་བས་རོ་ཙ་གསོ་བ་དང་རླུང་མཁྲིས་ནད་ལ་ཕན། དུག་ནད་ཚིགས་ལ་བྱེར་བ་སྡུད་པར་བྱེད། ཆག་གྲུམ་སྦྱོར་ཞིང་ལུས་ཀྱི་ཤ་གནད་མཁྲེགས་པར་བྱེད་ནུས། འོན་ཀྱང་སྲིན་ནད་བད་ཀན་གྲང་བའི་ནད་ལ་ཅུང་ཟད་གནོད་ཅིང་ཕོ་བའི་མེ་དྲོད་ཞན་ན་ཁོག་པ་བཤལ་བར་བྱེད།

བཞི། མ་རྨོས་ལོ་ཏོག

མ་རྨོས་ལོ་ཏོག་ནི་རང་རྒྱལ་གྱི་ཞིང་ཆེན་སོ་སོར་ཐོན་ཚད་ཆེ་བའི་འབྲུ་རིགས་ཀྱི་གྲས་ཤིག་ཡིན་པ་དང་། དེ་ལ་ས་ཆ་ཐོན་ཁུངས་སོགས་ཀྱི་ཁྱད་པར་ལས་བཟང་ངན་གྱི་དབྱེ་བའང་སྣ་ཚོགས་འབྱེད་སྲོལ་ཡོད་པས། ནུས་པ་ཡང་དེ་མཚུངས་ཁྱད་པར་ཡོད་པ་བཤད་མ་དགོས་མོད། སྤྱིའི་ཆ་ནས་བཤད་ན་ཁྲག་ཤེད་གཅོག་པ་དང་། ཁྲག་ཞག་སྙོམ་པས་ཁྲག་རྩ་མཁྲེགས་གྱུར་ནད་གཞི་སྔོན་འགོག་གི་ནུས་པ་ལྡན་པར་མ་ཟད། བཤང་འགག་ནད་དང་། ཕོ་རྒྱུའི་ནད་སོགས་ལ་ཕན་པ། ལུས་ཀྱི་ཚོ་བྱང་བ་དང་། རྒས་ཀ་སྲ་བ་དང་། མཛེས་འཆོས་ཀྱི་ནུས་པ་ལྡན་པར་བཤད།།

《བདེ་སྲུང་རྒྱུན་ཤེས》ཞེས་པའི་དཔེ་དེབ་ལས་བདམས། 

རྩོམ་སྒྲིག་པ། འབྲུག་མོ།