སྨན་བཅོས་འགན་སྲུང་ཐད་ཀྱི་གཏམ་བཟང་།
2022.07.28 ཁུངས། ཀྲུང་གོ་བོད་སྐད་རླུང་འཕྲིན། ཀློག་གྲངས། 25

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་དང་ནོར་སྲིད་པུའུ་ཡིས《གཞི་རྩའི་སྨན་བཅོས་འགན་སྲུང་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པ་དང་ཐད་ཀར་དུ་རྩིས་རྒྱག་པའི་ལས་དོན་སྔར་བས་ལེགས་པོར་བསྒྲུབ་རྒྱུའི་ལས་དོན་སྐོར་གྱི་བརྡ་ཐོ།》ཞེས་པ་བཀྲམ་ནས། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པ་དང་ཐད་ཀར་དུ་རྩིས་རྒྱག་པའི་ཐད་བསྒྱུར་བཅོས་གཏིང་ཟབ་བཏང་བ་དང་། ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་སྙན་སེང་སྟབས་བདེ་མིན་པ་སོགས་འགག་ས་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།

ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་འགྲོ་གྲོན་ཐད་ཀར་དུ་རྩིས་རྒྱག་པར་སྐུལ་འདེད་གཏོང་རྒྱུ་ནི་སྨན་བཅོས་འགན་སྲུང་་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི་གལ་ཆེའི་བསྒྱུར་བཅོས་བྱེད་ཐབས་ཡིན།

བརྡ་ཐོའི་ནང་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པ་དང་ཐད་ཀར་དུ་རྩིས་རྒྱག་པ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་ལས་འགན་གཏན་འབེབས་བྱས་ཡོད་དེ། སྤྱི་ལོ་ཉིས་སྟོང་ཉེར་ལྔ་ལོའི་ལོ་མཇུག་སྔོན་དུ་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པ་དང་ཐད་ཀར་དུ་རྩིས་རྒྱག་པའི་ལམ་ལུགས་མ་ལག་དང་ལས་སྒྲུབ་དོ་དམ་ཞབས་ཞུ་མ་ལག་སྔར་བས་འཐུས་སྒོ་ཚང་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་སྟེགས་བུའི་འདེགས་སྐྱོར་བྱེད་ནུས་རྒྱུན་མཐུད་ཤུགས་ཆེར་བཏང་ནས། རྒྱལ་ཁབ་ཀྱི་ཡུལ་གཞན་དུ་སྨན་བཅོས་བྱེད་པ་དང་ཐད་ཀར་དུ་རྩིས་རྒྱག་པའི་ནུས་པ་མཐོར་འདེགས་མངོན་གསལ་དང་། སྨན་ཁང་དུ་བསྡད་པའི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་དུ་རྩིས་རྒྱག་ཚད་བརྒྱ་ཆའི་བདུན་ཅུའི་བར་མཐོར་འདེགས་གཏོང་རྒྱུ་དང་། སྒོ་བསྟེན་ཁང་དཀྱུས་མའི་ཞིང་ཆེན་བརྒལ་བའི་དྲ་སྦྲེལ་དམིགས་འཛུགས་གསོ་རིག་སྨན་རྫས་ལས་ཁུངས་ཀྱི་གྲངས་འབོར་ལྡབ་གཅིག་འཕར་བ་མངོན་འགྱུར་བྱེད་པ་སོགས་ཡིན།

བརྡ་ཐོའི་ནང་དུ་སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་ཁང་དཀྱུས་མ་དང་གཅོང་ནད་དང་དམིགས་བསལ་ནད་ཀྱི་སྒོ་བསྟེན་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་དུ་རྩིས་རྒྱག་པ་སོགས་ཀྱི་སྲིད་ཇུས་ལ་གཅིག་གྱུར་བྱས་ཡོད་པ་དང་། ཞིང་ཆེན་བརྒལ་ནས་ཐད་ཀར་དུ་རྩིས་རྒྱག་སྐབས་རྩ་དོན་ཐོག་ཚང་མར་“སྨན་བཅོས་བྱེད་སའི་དཀར་ཆག་དང་འགན་སྲུང་བྱེད་སའི་སྲིད་ཇུས་”ཐེབས་རྩའི་གཏོང་སྤྲོད་སྲིད་ཇུས་དང་། “སྔོན་ལ་ཐོ་འགོད་སྙན་སེང་དང་དམིགས་འཛུགས་ས་ཆ་གདམ་པ། ཨང་རྟགས་དང་གཱ་བཟུང་ནས་སྨན་བཅོས་བྱེད་པའི”ཡུལ་གཞན་དུ་སྨན་པར་བསྟེན་པའི་དོ་དམ་ཞབས་ཞུའི་འགྲོ་ལུགས། “སྔོན་ལ་དངུལ་སྤྲོད་པ་དང་། རྗེས་སུ་ཞིབ་རྩིས་རྒྱག་པའི”ཡུལ་གཞན་དུ་སྨན་བཅོས་བྱེད་པའི་མ་དངུལ་དོ་དམ་བླང་བྱ་སོགས་ལག་བསྟར་བྱེད་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཡོད།

བརྡ་ཐོའི་ནང་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་སྙན་སེང་སྲིད་ཇུས་སྔར་བས་ཚད་ལྡན་དུ་བཏང་ཡོད་དེ། ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་སྙན་སེང་མི་སྣའི་ཞིང་ཆེན་བརྒལ་བའི་འཕྲལ་བཅོས་མི་སྣ་དང་འཕྲལ་བཅོས་མིན་ཞིང་བརྒྱུད་བཅོས་བྱས་མེད་པའི་མི་སྣའི་བར་རྒྱ་བསྐྱེད་པ་དང་། ཐོ་འགོད་སྙན་སེང་གི་གོ་ཆོད་དུས་ཡུན་གཅིག་གྱུར་བྱས་ཏེ་གོ་ཆོད་དུས་ཡུན་ནང་འགན་སྲུང་མི་སྣས་སྨན་བཅོས་བྱེད་སར་སྨན་བཅོས་ཐེངས་མང་པོ་བྱེད་ཆོག་པ་མ་ཟད་ཐད་ཀར་དུ་རྩིས་རྒྱག་པའི་ཞབས་ཞུ་ལོངས་སུ་སྤྱོད་ཆོག འགན་སྲུང་མི་སྣས་ཐོ་འགོད་སྙན་སེང་ཞུ་ཡུལ་དང་འགན་སྲུང་བྱེད་ཡུལ་ཕྱོགས་གཉིས་ཀྱི་སྲིད་ཇུས་ལོངས་སྤྱོད་ཆོག་པ་སོགས་འདུས་ཡོད།

དེ་མིན་བརྡ་ཐོའི་ནང་དུ་དམིགས་འཛུགས་སྨན་བཅོས་ལས་ཁུངས་ཀྱིས་ཐད་ཀར་དུ་རྩིས་རྒྱག་པའི་ཞབས་ཞུ་ཁྱབ་ཁོངས་ཚད་ལྡན་དུ་བཏང་སྟེ། འཕྲལ་བཅོས་མྱུར་སྐྱོབ་གྱི་འགྲོ་གྲོན་དང་སྨན་ཁང་དུ་བསྡད་རིང་སྨན་ཁང་ཕྱིའི་བརྟག་དཔྱད་སྨན་བཅོས་དང་སྨན་རྫས་ཉོས་པའི་འགྲོ་གྲོན། དེ་བཞིན་སྨན་བཅོས་བྱེད་སའི་དོ་དམ་གཏན་འབེབས་དང་འཚམ་པའི་ཕྱོགས་གསུམ་པའི་འགན་འཁུར་བ་མེད་པའི་ཕྱི་རྨས་འགྲོ་གྲོན་བཅས་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པ་དང་ཐད་ཀར་དུ་རྩིས་རྒྱག་པའི་ཁྱབ་ཁོངས་སུ་བཅུག་ཡོད་པ་དང་། འགན་སྲུང་མི་སྣས་སྨན་ཁང་ནས་ཐོན་ཏེ་རྩིས་མ་བརྒྱབ་གོང་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་སྙན་སེང་གསབ་སྒྲུབ་བྱེད་ཆོག་པ་མ་ཟད་ཞིང་ཆེན་བརྒལ་ནས་ཐད་ཀར་དུ་རྩིས་རྒྱག་པའི་ཞབས་ཞུ་ལོངས་སུ་སྤྱོད་ཆོག་པ་ཡིན།

མཉམ་ལས་ལས་ཀའི་ཕྱོགས་ནས་བརྡ་ཐོའི་ནང་དུ་ལས་སྒྲུབ་ལས་ཁུངས་ཀྱིས་ས་ཁོངས་བརྒལ་བའི་མཉམ་ལས་སྒྲུབ་རིམ་ཚད་ལྡན་དུ་བཏང་ནས། སྨན་བཅོས་བྱེད་ཡུལ་དང་འགན་སྲུང་བྱེད་ཡུལ་མཉམ་ལས་བྱས་ནས་གནད་དོན་ཐག་གཅོད་བྱེད་སྲོལ་བཙུགས་པ་དང་། ས་ཁུལ་བར་གྱི་གནད་དོན་མཉམ་ལས་ཐག་གཅོད་བྱེད་པའི་ལས་ཆོད་མཐོར་འདེགས་བཏང་ཡོད།

བརྡ་ཐོའི་ནང་དུ་ས་གནས་ཁག་གི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་དུས་ཐོག་ཏུ་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་ལེགས་སྒྲིག་བྱས་ནས། སྤྱི་ལོ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་སྔོན་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འབྲེལ་མཐུད་བྱེད་ཐུབ་པ་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། འབྲེལ་ཡོད་སྲིད་ཇུས་དེ་སྤྱི་ལོ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། འབྲུག་མོ།