ཅི་ཞིག་ལ་གསར་སྐྱེས་ཕྲུ་གུའི་ནད་རིགས་འཚག་བཤེར་ཟེར།
གསར་སྐྱེས་ཕྲུ་གུའི་ནད་རིགས་འཚག་བཤེར་ཞེས་པ་ནི་གསར་སྐྱེས་ཕྲུ་གུ་ཡིན་པའི་སྐབས་སུ་ཆེད་དམིགས་ཞིབ་བཤེར་བྱས་པ་བརྒྱུད་ནས་གསར་སྐྱེས་ཕྲུ་གུའི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོ་བའི་ལྷན་སྐྱེས་རང་བཞིན་དང་རྒྱུད་འཛིན་ཚབ་བརྗེའི་ནད་རིགས་གསར་རྙེད་བྱས་ཏེ། ནད་རིགས་ལ་སྔ་མོ་ནས་བརྟག་དཔྱད་དང་གསོ་བཅོས་བྱེད་བདེ་བར་བྱེད་པ་ཞིག་ཡིན་ལ། དེ་ནི་གསར་སྐྱེས་མི་གྲངས་རྒྱུ་སྤུས་ཇེ་མཐོར་གཏོང་བ་དང་གསར་སྐྱེས་ཕྲུ་གུའི་དབང་པོར་སྐྱོན་འབྱུང་ཚད་ཇེ་ཉུང་དུ་གཏོང་བའི་གལ་ཆེ་བའི་རིམ་པ་གསུམ་པའི་སྔོན་འགོག་བྱེད་ཐབས་གྲས་ཀྱི་གཅིག་ཡིན། མིག་སྔར། རང་རྒྱལ་གྱི་གསར་སྐྱེས་ཕྲུ་གུའི་ནད་རིགས་འཚག་བཤེར་བྱེད་དགོས་པའི་ནད་རིགས་ལ་གཙོ་བོ་ལྷན་སྐྱེས་རང་བཞིན་གྱི་ཨོལ་གོང་གཤེར་རྨེན་ནུས་པ་ཉམས་པའི་ནད་རྟགས(CH)དང་པུན་པིང་ཐུང་གཅིན་ཟགས་ནད་རྟགས〈PKU)སོགས་རྒྱུད་འཛིན་ཚབ་བརྗེའི་ནད་དང་རྣ་དབང་ལ་སྐྱོན་ཞུགས་པའི་རིགས་འདུས་བ་རེད།
བྱིས་པ་གང་དག་ལ་གསར་སྐྱེས་ཕྲུ་གུའི་ནད་རིགས་འཚག་བཤེར་བྱེད་དགོས་སམ།
གསར་སྐྱེས་བྱིས་པ་རེ་རེར་གསར་སྐྱེས་ཕྲུ་གུའི་ནད་རིགས་འཚག་བཤེར་བྱེད་དགོས་པ་ཡིན། བྱིས་པ་སྐྱེས་མ་ཐག་བལྟས་ཚོད་ཀྱིས་ཧ་ཅང་བདེ་ཐང་ཡིན་རུང་། གསར་སྐྱེས་ཕྲུ་གུའི་ནད་རིགས་འཚག་བཤེར་བྱེད་དགོས། དེ་ནི་རྒྱུད་འཛིན་ཚབ་བརྗེའི་ནད་རིགས་ཁ་ཤས་ཟླ་ངོ་གསུམ་ནས་དྲུག་གི་བར་ད་གཟོད་རིམ་བཞིན་རྒྱུན་ལྡན་མིན་པའི་སྣང་ཚུལ་ཁ་ཤས་འབྱུང་སྲིད་པའི་རྐྱེན་རེད། ཁྱིམ་མིར་ནད་རིགས་དེ་དག་བྱུང་མྱོང་མེད་ཀྱང་གསར་སྐྱེས་ཕྲུ་གུའི་ནད་རིགས་འཚག་བཤེར་བྱེད་དགོས་ཏེ། རྒྱུ་མཚན་ནི་ཕྱི་ཚུལ་བདེ་ཐང་ཡིན་པའི་ཕ་མར་ཡང་མི་མངོན་པའི་ནད་རིགས་གཞི་རྒྱུ་ཡོད་སྲིད་པས་ཡིན།
གསར་སྐྱེས་ཕྲུ་གུར་ནད་རིགས་འཚག་བཤེར་བྱེད་ན་རིན་ཡོན་ལེན་ནམ།
ས་གནས་མི་གཅིག་པའི་དབང་གིས་གནས་ཚུལ་ཡང་མི་འདྲ། ཞིང་ཆེན་ཁ་ཤས་ཀྱིས་གསར་སྐྱེས་ཕྲུ་གུའི་ནད་རིགས་འཚག་བཤེར་བྱ་གཞིའི་ནད་རིགས་ཁག་ཅིག་ལ་རྒྱལ་ཁབ་ཀྱིས་ཁ་གསབ་བྱེད་བཞིན་ཡོད་པ་དང་། ཞིང་ཆེན་ཁ་ཤས་ཀྱིས་གསར་སྐྱེས་ཕྲུ་གུའི་ནད་རིགས་འཚག་བཤེར་བྱ་གཞིའི་ནད་རིགས་ཁག་ཅིག་སྨན་བཅོས་འགན་སྲུང་གི་སྲིད་ཇུས་ཁྲོད་དུ་བཞག་འདུག དེར་བརྟེན། རིན་ལེན་བཞིན་ཡོད་མེད་དང་ནད་རིགས་གང་དག་ལ་འཚག་བཤེར་བྱེད་གླ་ལེན་བཞིན་པ། རིན་ཡོན་ག་ཚོད་ཡིན་པ་སོགས་ཀྱི་གནད་དོན་དག་ཞིང་ཆེན་སོ་སོའི་གསར་སྐྱེས་ཕྲུ་གུའི་ནད་རིགས་འཚག་བཤེར་སྲིད་ཇུས་ཀྱི་བྱེ་བྲག་གི་གནས་ཚུལ་གཞིར་བཟུང་ནས་གཏན་འཁེལ་བྱེད་དགོས།
གསར་སྐྱེས་ཕྲུ་གུའི་ནད་རིགས་འཚག་བཤེར་ཇི་ལྟར་བྱེད་དགོས་སམ།
བྱིས་པ་སྐྱེས་ནས་དུས་ཚོད་དོན་གཉིས་སྟེ་ཉིན་གསུམ་འགོར་བ་དང་། འོ་མ་འགྲངས་ཚད(ཉུང་མཐའ་ཡང་འོ་མ་ཐེངས་དྲུག་ལ་སྣུན་པ)བསྣུན་རྗེས། སྨན་པས་བྱིས་པའི་ཕྱི་རྟིང་ནས་ཁྲག་ཐིགས་གསུམ་བླངས་ནས་ཚོད་ལྟ་ཁང་དུ་བསྐྱལ་ཏེ་ཞིབ་དཔྱད་ཚད་ལེན་བྱེད་དགོས་པ་ཡིན། ཡིན་ཡང་མཉམ་འཇོག་བྱེད་རྒྱུ་ཞིག་ལ། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དུས་ཐོག་ཏུ་འཚག་བཤེར་བྱེད་མ་ཐུབ་པའི་བྱིས་པར། སྨན་པས་མངགས་བཅོལ་ལྟར་ཕ་མས་བྱིས་པ་ཁྲིད་དེ་སྨན་ཁང་དུ་ཕྱིན་ནས་འཚག་བཤེར་བྱེད་དགོས་ལ། ཆེས་འཕྱིས་ནའང་སྐྱེས་ནས་ཉིན་ཉི་ཤུའི་ཡན་བརྒལ་མི་རུང་།
ཁྱིམ་བདག་གིས་ཇི་ལྟར་སྨན་ཁང་ལ་གཞོགས་འདེགས་བྱས་ནས་གསར་སྐྱེས་ཕྲུ་གུའི་ནད་རིགས་འཚག་བཤེར་བྱེད་དགོས་སམ།
ཁྱིམ་བདག་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་དང་འཐད་པ་ཡིན་པའི་གནས་ཚུལ་འོག་སྨན་བཅོས་མི་སྣར་གཞོགས་འདེགས་བྱས་ནས་ཁྱེད་ཀྱི་བྱིས་པར་གསར་སྐྱེས་ཕྲུ་གུའི་ནད་རིགས་འཚག་བཤེར་བྱེད་དགོས་པར་མ་ཟད། ཁྱིམ་གྱི་ས་གནས་དང་འབྲེལ་གཏུག་ཁ་པར་ཨང་གྲངས་ཞིབ་ཕྲ་འདོན་སྤྲོད་བྱེད་དགོས། གལ་ཏེ་ཕྲུ་གུ་བཙས་རྗེས་ས་གནས་གཞན་དུ་ལུས་གསོ་བྱེད་བཞིན་ཡོད་ཚེ། སྡོད་གནས་དང་ཁ་པར་ཨང་གྲངས་གསར་པ་མཉམ་གཅིག་ཏུ་སྨན་པར་བཤད་དགོས་ལ། དགོས་མཁོ་ཡོད་དུས་སྨན་པས་ཁྱེད་ལ་དུས་ཐོག་ཏུ་འབྲེལ་གཏུག་བྱེད་བདེ་བར་བྱེད་དགོས།
བསྐྱར་བརྟག་བརྡ་སྦྱོར་འབྱོར་ཚེ་ཇི་ལྟར་བྱེད་དགོས་སམ།
བསྐྱར་བརྟག་བརྡ་སྦྱོར་འབྱོར་བ་ཡིན་ན་བྱིས་པར་ནད་བྱུང་ཡོད་པས་མ་ཁྱབ་སྟེ། རྒྱུ་རྐྱེན་མང་པོ་ཞིག་གི་འོག་བསྐྱར་བརྟག་བྱེད་དགོས་པ་ཡིན། ཁྱེད་ཀྱི་བྱིས་པའི་བདེ་ཐང་ལ་འགན་འཁུར་ཆེད་བསྐྱར་བརྟག་བརྡ་སྦྱོར་བཏང་བ་ཡིན། ཁྱེད་ལ་བསྐྱར་བརྟག་བརྡ་སྦྱོར་འབྱོར་རྗེས་མགྱོགས་མྱུར་ངང་བྱིས་པ་ཁྲིད་དེ་སྨན་ཁང་དུ་སོང་ནས་བསྐྱར་བརྟག་བྱེད་དགོས། འཚག་བཤེར་མཇུག་འབྲས་རྒྱུན་ལྡན་ཡིན་པའི་བྱིས་པར་སྤྱིར་བཏང་དུ་ཡང་བསྐྱར་བརྡ་སྦྱོར་གཏོང་མི་སྲིད་ཅིང་། ཁྱིམ་བདག་གིས་རང་ངོས་ནས་འདྲི་རྩད་བྱེད་ཆོག
གལ་ཏེ་བྱིས་པར་བརྟག་དཔྱད་བརྒྱུད་ནས་ནད་བྱུང་ཡོད་པ་ཤེས་ཚེ། ཇི་ལྟར་བྱེད་དགོས་སམ།
གལ་ཏེ་བྱིས་པར་ནད་བྱུང་བ་གཏན་འཁེལ་བྱས་རྗེས། ཁྱེད་ཀྱིས་སྨན་པས་མངགས་བཅོལ་ལྟར་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་ལ། དུས་བཅད་ལྟར་བསྐྱར་བརྟག་བྱེད་དགོས། བྱིས་པའི་གཟུགས་གཞི་དང་རིག་སྟོབས་ཀྱི་འཚར་སྐྱེ་གནས་ཚུལ་ལ་ཞིབ་དཔྱད་ཚད་ལེན་བྱས་ནས། ནད་རིགས་ཀྱིས་བསྐྱེད་པའི་མཇུག་འབྲས་ཚབས་ཆེན་སྔོན་འགོག་བྱེད་དགོས།
གསར་སྐྱེས་ཕྲུ་གུར་ནད་རིགས་འཚག་བཤེར་བྱེད་པ་འདིས་བྱིས་པ་བདེ་ཐང་མིན་པ་དང་དབང་པོ་སྐྱོན་ཅན་གྱི་གནས་ཚུལ་འབྱུང་ཚད་ཇེ་ཉུང་དུ་གཏོང་བ་དང་། གསར་སྐྱེས་མི་གྲངས་ཀྱི་རྒྱུ་སྤུས་མཐོར་འདེགས་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། ཁྱེད་ཀྱི་བྱིས་པའི་བདེ་ཐང་དང་ཁྱིམ་ཚང་གི་འཆམ་མཐུན་དང་བདེ་སྐྱིད་ཀྱི་ཆེད་དུ། བྱིས་པ་བཙས་རྗེས་ཀྱི་བདེ་ཐང“བདེ་བཤེར”གྱི་སྒོ་མོ་དང་པོ་བརྒྱུད་དུ་འཇུག་དགོས།
གསར་སྐྱེས་ཕྲུ་གུའི་ནད་རིགས་འཚག་བཤེར་ནི་བྱིས་པ་བཙས་རྗེས་ཀྱི་བདེ་ཐང“བདེ་བཤེར”གྱི་སྒོ་མོ་དང་པོ་ཡིན།
ཁྱེད་ཀྱི་བྱིས་པ་སྤྱང་གྲུང་ལྡན་ཞིང་བདེ་ཐང་ཡོང་བའི་སྨོན་འདུན་ཞུ།
རྩེ་ཁོག་རྫོང་མ་བུ་བདེ་སྲུང་དང་འཆར་ལྡན་བུ་སྐྱེས་ཞབས་ཞུ་ལྟེ་གནས་ནས།
རྩོམ་སྒྲིག་པ། འབྲུག་མོ།