སྐྲ་ཤུད་པ་སྔོན་འགོག་བྱ་ཐབས།
2022.08.01 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 75

སྐྲ་ཤུད་པ་ནི་འབྱུང་ཁམས་ཀྱི་སྣང་ཚུལ་རྒྱུན་ལྡན་ཞིག་ཡིན་མོད། འོན་ཀྱང་གལ་ཏེ་མགོ་སྐྲ་མང་པོ་ཤུད་པ་དང་ཉིན་རེར་སྐྲ་རྐང་བརྒྱ་ལས་བརྒལ་བ་ལྷུང་བའི་མི་ཚད། ཟླ་ངོ་གཅིག་ནས་གཉིས་ལ་རྒྱུན་མཐུད་དེ་གནས་ཚུལ་ཇེ་བཟང་ལ་མ་སོང་ཚེ་སྐྲའི་ཉག་མ་ཇེ་ཕྲ་དང་སྐྲ་ལོ་ཇེ་སིང་ཇེ་འཇམ་དུ་འགྲོ་བ་དང་། སྐྲ་ཤུད་ཤུལ་དུ་སླར་ཡང་སྐྲ་གསར་མི་སྐྱེ་བའམ་ཡང་ན་གསར་དུ་སྐྱེས་པའི་སྐྲ་རྐང་དེ་སྐྲ་ཤུད་པའི་སྐྲ་ལས་རབ་ཅིག་ཉུང་བ་ཡིན་ན། དེ་ནི་ནད་རྐྱེན་རང་བཞིན་གྱི་སྐྲ་ཤུད་པར་གཏོགས་པས། དོ་སྣང་ཆེན་པོ་བྱས་ནས་དུས་ལྟར་སྨན་བཅོས་བྱེད་དགོས།

སྐྲ་ཤུད་ན་མིའི་མཛེས་ཉམས་ལ་གནོད་པར་མ་ཟད། འབྱུང་ཁམས་མི་བདེ་བའི་ཉེན་བརྡ་ཞིག་ཀྱང་ཡིན། ཧོ་པེ་ཞིང་ཆེན་ནེ་ཆིའུ་རྫོང་ཀྲུང་ལུགས་སྨན་ཁང་པགས་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པའི་སྨན་པ་ཀྲའོ་ཀྲན་ཅུན་གྱིས་ངོ་སྤྲོད་བྱས་དོན། ཀྲུང་ལུགས་གསོ་རིག་གི་ངོས་ཐད་ནས་བལྟས་ན། མཁལ་དྲོད་རབ་ཏུ་རྒྱས་པའི་མིའི་མགོ་སྐྲ་ནག་ཅིང་སྣུམ་ལ་རྫོང་སྟུག་ཅིང་འོད་ཀྲིག་ཀྲིག་བྱེད་པ་ཡིན། མཁལ་དྲོད་དམན་པའི་མིའི་སྐྲ་ཤུད་སླ་ཞིང་སྐམ་ཤས་ཆེ་ལ་དཀར་པོར་འགྱུར་སླ་བ་ཡིན། སྐྲ་ཡིས་མི་ཞིག་གི་མཁལ་མའི་སྟོབས་ཀྱི་དར་རྒུད་མཚོན་ཐུབ་པ་ཡིན། འཚོ་བའི་གོམས་གཤིས་དང་བདེ་ཐང་གི་ཟས་སྤྱོད། ཁམས་ཡངས་པའི་སེམས་ཁམས་བཟང་པོ་བཅས་ནི་སྐྲ་ཤུད་པ་སྔོན་འགོག་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཡིན། གཤམ་དུ་ཚང་མར་སྨན་པས་སྤྱི་སྡོམ་བྱས་པའི་སྐྲ་ཤུད་པ་སྔོན་འགོག་བྱེད་པའི་ཐབས་ཤེས་ལྔ་ངོ་སྤྲོད་ཞུ།

གཅིག མདོག་ནག་པའི་ཟས་རིགས་མང་དུ་ཟ་བ།

ཀྲུང་ལུགས་གསོ་རིགས་ཀྱི་ལྟ་བར། མདོག་ནག་པའི་ཟས་རིགས་མང་ཆེ་བས་མཁལ་སྟོབས་རྒྱས་པར་བྱེད་པ་ཡིན། ཉིན་རྒྱུན་ཏིལ་འབྲུ་ནག་པོ་དང་མོག་རོ་ནག་པོ། སྲན་ནག་བཅས་མང་དུ་བསྟེན་དགོས།

གཉིས། སྔ་མོ་ནས་གཉིད་པ།

དགོང་མོ་ཆུ་ཚོད་བཅུ་གཅིག་པའི་སྔོན་ལ་གཉིད་ཅིང་། གཉིད་ཀྱིས་འདང་ན་མཆིན་པ་སླར་སོས་ལེགས་པོ་འབྱུང་བ་ཡིན། ཡུན་རིང་པོར་ངལ་དུབ་ཆེ་བ་དང་ལུས་སྟོབས་བཀོལ་ན་མཁལ་མ་ཉམས་ནས་མགོ་སྐྲ་ཤུད་པའི་སྣང་ཚུལ་འབྱུང་། ནམ་རྒྱུན་མཚན་བསྐྱལ་བ་མང་ན་མཆིན་ཁྲག་ཟད་གྲོན་ཆེ་ཞིང་། སྐྲ་ནི་ཁྲག་གི་རྒྱུན་ཡིན་པས། སྐྲ་ལ་དགོས་ངེས་ཀྱི་འཚོ་བཅུད་མ་འདང་ཚེ། སྔ་མོ་ནས་སྐྲ་ཤུད་ངེས་ཡིན།

གསུམ། འགུལ་སྐྱོད་མང་དུ་བྱེད་པ།

ད་ལྟའི་མི་མང་ཤོས་ཤིག་ནི་ཡུན་རིང་པོར་ཙོག་ནས་བྱ་བ་བསྒྲུབ་དགོས་པས། ཁྲག་རྒྱུན་འཁོར་རྒྱུག་བྱེད་ཚད་ཅུང་ཞན། དེ་བས་མ་མཐའ་ཡང་དུས་ཚོད་གཅིག་གི་ཡས་མས་སུ་ཕྲག་པ་དང་སྐེ་ཚིགས། མགོ་སོགས་ཅུང་ཙམ་འགུལ་ན། སྐེ་ཚིགས་ན་བ་དང་མི་བདེ་བ་ཅུང་སེལ་ཐུབ་པར་མ་ཟད། མགོ་དང་སྐེ་ཚིགས་བར་གྱི་ཁྲག་གི་རྒྱུ་བར་སྐུལ་སྤེལ་བྱེད་ཐུབ་ཅིང་། སྐྲ་སྐྱེ་བར་ཡང་རང་བཞིན་གྱིས་ཕན་ཐོགས་པ་ཡིན།

བཞི། ཁྲག་རྩ་གནོན་པ།

མགོའི་སྤྱི་གཙུག་དང་མཚོགས་གསང་། ལྟག་པའི་སྤུ་འཁྱིལ། ལྟག་ཁུང་སོགས་ཚང་མ་སྐྲའི་བདེ་ཐང་དང་འབྲེལ་བས། རྒྱུན་པར་མགོའི་རྩ་དང་བྱེ་བྲག་གི་ན་ས་འཕུར་གནོན་བྱས་ནས། ཁྲག་རྒྱུན་འཁོར་རྒྱུག་བྱེད་དུ་བཅུག་ན་བཟང་།

ལྔ། སྐྲ་མང་དུ་ཤད་པ།

རྒྱུན་པར་སྐྲ་ཤད་པ་ནི་ཚེ་ཐག་རིང་བའི་རྒན་པ་རྣམས་ཀྱི་ལུས་ཁམས་གསོ་བའི་མན་ངག་ཅིག་ཡིན་ཞིང་། སྟབས་བདེ་སྤྱོད་བདེ་ཡིན་ལ་དུས་དང་རྣམ་པ་ཀུན་ཏུ་ཤད་ཆོག ལག་ཏུ་སོ་མང་མེད་དུས་མཛུ་གུས་སྐྲ་ཤད་ཀྱང་ཆོག་སྟེ། སྔུན་ནས་རྗེས་སུ་ཤད་པ་དང་མཛུབ་མོས་མགོ་གནོན་པའམ་མགོ་ཡང་མོར་རྡུང་ན། ཁྲག་རྒྱུན་འཁོར་རྒྱུག་བྱེད་པར་ཕན་པ་ཡིན། གལ་ཏེ་མགོའི་གང་ཞིག་ཏུ་སྐྲ་དཀར་པོར་གྱུར་པ་དང་སྐྲ་ལྷུང་བ་ཧ་ཅང་མངོན་གསལ་ཡིན་ཚེ། གནས་དེ་རུ་འཕུར་གནོན་མང་དུ་བྱས་ཆོག །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།

རྩོམ་སྒྲིག་པ། འབྲུག་མོ།