“དགུན་གྱི་དུས་སུ་ལ་ཕུག་ཟ་བ་དང་། དབྱར་ཁར་སླེབས་དུས་སྒ་རློན་ཟོས་གྱུར་ན། སྨན་པར་བསྟེན་ནས་སྨན་ལ་བརྟེན་མི་དགོས།”“ནངས་མོར་སྒ་རློན་ལེབ་མོ་གསུམ་ཟོས་ན། དཀར་པོ་ཆིག་ཐུབ་གདུས་པའི་ཐང་ལས་ལྷག”“དབྱར་དུས་རྒྱུན་པར་སྒ་རློན་ཟོས་པ་ན། ཚེ་བསྲིངས་ནད་མེད་བདེ་ཐང་ཡོང་བར་ཕན།”སོགས་དམངས་ཁྲོད་དུ་སྒ་རློན་གྱིས་ལུས་ཁམས་གསོ་བའི་སྐོར་གྱི་གཏམ་དཔེ་མང་པོ་ཡོད། དེས་ན་དོན་ངོ་མར་སྒ་རློན་ལ་བདེ་སྲུང་གི་ནུས་པ་གང་དག་ཡོད་པ་དང་། དེ་དག་ཇི་ལྟར་སྤྱོད་དགོས་སམ་ཞེ་ན།
སྒ་རློན་གྱི་ཕན་ནུས།
ཀྲུང་ལུགས་གསོ་རིག་གི་ངོས་ནས་བཤད་ན། སྒ་རློན་གྱི་རོ་ཁ་ཞིང་རྒྱུ་ཅུང་ཟད་འཇམ་པ་དང་། གློ་བ་དང་མཆིན་པ། ཕོ་ཁ་བཅས་ལ་ཚ་བ་ཕྱི་ལ་ཕུད་པ་དང་དྲོད་ཚད་སྙོམས་ཤིང་སྐྱུག་མེར་གཅོད་པ། ལུད་པ་ཕྱུང་ཞིང་ལུ་མཚམས་འཇོག་པ། ཉ་ཤ་དང་སྡིག་སྲིན་ལས་ཕོག་པའི་དུག་སེལ་བ་སོགས་ཀྱི་ཕན་ནུས་ལྡན་ལ། ནད་ཐོག་ཏུ་གཙོ་བོ་དྲོས་འཁྱགས་ལས་བྱུང་བའི་ཆམ་པ་དང་ཕོ་བ་འཁྱགས་པ་ལས་བསྐྱེད་པའི་སྐྱུག་པ། ལུད་པ་མེད་པར་གློ་ལུ་བ་སོགས་ཀྱི་ནད་བཅོ་བར་སྤྱོད་ཀྱིན་ཡོད། དེ་བས། སྒ་རློན་ལ་ཕོ་ཚ་སེལ་བ་དང་ཟུངས་སྟོབས་རྒྱས་པར་བྱེད་པ། ཁྲག་རྒྱུན་འཁོར་རྒྱུག་བྱེད་པ་བཅས་ལ་ཕན་པའི་བྱེད་ནུས་ལྡན་པས། སྒ་རློན་ནི་དྲོས་འཁྱགས་ལས་བྱུང་བའི་ཆམ་པ་དང་གློ་ལུ་བ་སོགས་བྱུང་མ་ཐག་པའི་ནད་རྟགས་ཡང་བའི་སྐབས་སུ་སྤྱད་ན་ཕན་ཞིང་། རྒྱུན་པར་ཡང་མེ་དྲོད་ཉམས་པ་དང་སྐྱུག་པ་སོགས་གསོ་བཅོས་བྱེད་པ་ཡིན།
དེང་རབས་སྨན་གཞུང་རིག་པའི་ཞིབ་འཇུག་ལས་ཤེས་རྟོགས་བྱུང་པ་ལྟར་ན། སྒ་རློན་གྱི་ནང་དུ་བཅུད་སྣུམ་རིགས་ཤིག་འདུས་པ་དང་། དེའི་ཁྲོད་ཀྱི་གྲུབ་ཆ་གཙོ་བོ་ནི་སྒ་ཞི(姜稀)ཡིན་ལ། དེར་ཕོ་བའི་འབྱར་སྐྱིའི་ཕྲ་ཕུང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ལྡན། སྒ་རློན་གྱི་ཁྲོད་དུ་སྒ་ཚའི་རྒྱུ(姜辣素)འདུས་ཡོད་དེ། དེ་ཡང་སྒ་ཧྥུན(姜酚)དང་སྒ་ཞི་ཧྥུན(姜稀酚)། སྒ་ཐུན(姜酮)། སྒ་ཁྲུན་གཉིས་པ(姜二醇)སོགས་རིགས་སྣ་མང་པོར་དབྱེ་ཆོག་ཅིང་། གཉན་ཚད་འགོག་པ་དང་འབྲས་སྐྲན་འགོག་པའི་ནུས་པ་ལྡན། གཞན་ཡང་། སྒ་རློན་གྱི་ཁྲོད་དུ་པུན་གཉིས་ཅི་ཀིན་ཝན(二苯基庚烷)ཡང་འདུས་ཡོད་ལ། དེར་དབྱང་འགྱུར་འགོག་པའི་བྱེད་ནུས་ལྡན།
བཀོལ་སྤྱོད་བྱེད་ཐབས།
བཅའ་སྒ་དང་བུ་རམ་བསྒྲུངས་མ། དབྱར་དུས་ཞོགས་པར་ཡར་ལངས་སྐབས། བཅའ་སྒ་དང་བུ་རམ་བསྒྲུངས་མ་ཕོར་བ་གང་བསྐོལ་ནས་བཏུང་ཚེ། འཇུ་རྩི་ལ་སྐུལ་སྤེལ་བྱས་ཏེ། ཡི་ག་ཕྱེ་ཞིང་མཚེར་བ་གསོ་བ་དང་ཟས་འཇུ་བར་ཕན་པར་མ་ཟད། ཚ་བ་སེལ་བ་དང་ཆམ་པ་ཇེ་ཡང་དུའང་གཏོང་ཐུབ།
བཅའ་སྒ་དང་སིལ་དམར་གདུས་ཐང་། བཅའ་སྒ་དང་སིལ་དམར་གྱི་གདུས་ཐང་བཏུང་ཚེ། ཕོ་བའི་སྒྲེག་སྐྱུག་འགོག་པའི་ནུས་པ་ཡོད་ལ། དྲོས་འཁྱགས་ཀྱིས་བསྐྱེད་པའི་ཕོ་བ་ན་བ་དང་སྐྱུགས་མེར་ལངས་པ། སྐྱུག་པ། ཕོ་བ་གཟེར་བ། ཕོ་བ་བཤལ་བ་སོགས་ཇེ་བདེར་གཏོང་བའི་ནུས་པ་ཆེན་པོ་ལྡན།
བཅའ་སྒའི་ཇ་དམར། ཇ་དམར་ཁེ1ནས3དང་བཅའ་སྒ་ལེབ་མོ3ཇ་ཕོར་དུ་ཆུ་ཁོལ་གྱིས་སྦངས་ནས་འཐུང་ན། དབྱར་དུས་བཟའ་བཏུང་འཁྱགས་པའི་རིགས་བསྟེན་པ་ལས་བསྐྱེད་པའི་འཇུ་བྱེད་མ་ལག་གི་ནུས་པ་ཉམས་པ་དང་ཕོ་རྒྱུའི་བྱེད་ནུས་འཁྲུགས་པ་སོགས་ཀྱི་ནད་རྟགས་ལ་ཕན།
སྒ་ཁུ་གླན་པ། དབྱར་དུས་དྲོད་སྙོམས་འཕྲུལ་ཆས་བཀོལ་བའི་ཁང་པར་འདུག་ཡུན་རིང་དྲགས་ན། མཁལ་སྐེད་ན་བ་དང་ཕྲག་པ་ན་བ་འབྱུང་སྲིད་པས། སྒ་ཁུ་ཁོལ་མའི་ནང་དུ་ཚྭ་དང་སྐྱུར་ཉུང་ཙམ་བཏབ་ནས། དེའི་ནང་དུ་ལག་ཕྱིས་སྦངས་ཏེ་ན་སར་གླན་ན། ཤ་གནད་ལྷོད་པར་བྱེད་པ་དང་ཁྲག་རྒྱས་པར་བྱེད་པ། ན་ཟུག་ལྷོད་པར་བྱེད་པ་བཅས་ཀྱི་ནུས་པ་ལྡན།
མཉམ་འཇོག་ས།
1.ལུས་ཟུངས་ཉམས་ནས་ལུས་ཀྱི་ཚ་བ་རྒྱས་པ་དང་། མིག་རྩ་དམར་པོར་གྱུར་ཞིང་ལུས་ཚ་ཡོད་མཁན་གྱིས། དུས་ཡུན་རིང་མོར་སྒ་རློན་བསྟེན་མི་རུང་།
2.སྒ་རློན་དང་བུ་རམ་བསྒྲུངས་མ་ནི་དྲོས་འཁྱགས་ལས་བྱུང་བའི་ཆམ་པ་ཡང་མོ་ཅན་ལ་ཕན་པ་ལས། དབྱར་ཚའི་ཆམ་པ་དང་རླུང་ཚའི་ཆམ་པ་བྱུང་བའི་ནད་པར་སྤྱོད་མི་རུང་། །
རྩོམ་སྒྲིག་པ། འབྲུག་མོ།