གློག་རྡུལ་བརྙན་ཤེལ་གྱི་གནོད་པ།
2022.08.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 23

དེང་སྐབས་མི་ཚང་མས་ཡོངས་ཁྱབ་ཀྱིས་གློག་རྡུལ་ཐོན་རྫས་བཀོལ་སྤྱོད་བྱེད་ཀྱིན་ཡོད། གལ་ཏེ་དུས་ཡུན་རིང་པོར་གློག་རྡུལ་བརྙན་ཤེལ་ལ་ཅེར་ནས་བསྡད་ན། མིག་ཤེད་ལ་ཐད་ཀར་གནོད་འཚེ་ཐེབས་པ་ལས་གཞན། དེ་ལས་ཀྱང་ལྷག་པའི་གནོད་འཚེ་མང་པོ་བསྐྱེད་སྲིད། ཀྲུང་ལུགས་གསོ་རིག་ནང“མཆིན་པས་མིག་གི་སྒོ་མོ་འབྱེད”ཅེས་མིག་ནི་མཆིན་པའི་ཕྱི་ཡི་མངོན་ཚུལ་ཡིན་ཏེ། མིག་གིས་བྱ་དངོས་གསལ་པོར་མཐོང་བ་ནི་མཆིན་ཁྲག་གི་གསོ་བཅུད་ལ་བརྟེན་ཡོད་པར་བཤད། 《ལིན་ཧྲུའུ•དོགས་གནས་རྣམ་བཤད་ཆེན་མོ》ལས། “དོན་ལྔ་དང་ནི་སྣོད་དྲུག་དབང་བོ་ཡི།། སྙིང་པོ་གཅིག་ཏུ་བསྡུས་པ་མིག་ཏུ་འདོད།།”ཅེས་བཀོད་ཡོད་པས། དུས་ཡུན་རིང་པོར་གློག་རྡུལ་བརྙན་ཤེལ་སྤྱད་ན། མིག་དང་མཆིན་པར་གནོད་པ་ལས་གཞན། ད་དུང་དོན་ལྔ་སྣོད་དྲུག་ལའང་གནོད་འཚེ་བཟོ་ཞིང་། ནང་སྒོས་སུ་མཆིན་པ་དང་མཁལ་མ། སྙིང་། མཚེར་བ་བཅས་ལ་གནོད་འཚེ་བཟོ་བ་རེད།

 དོན་སྣོད་ལ་གནོད་ཚུལ།

མཆིན་པར་གནོད་བསྐྱལ་བའི་རྟགས་ལ་ཐོག་མར་སེམས་ཁ་མི་བརྟན་པ་དང་། འགའ་ཞིག་ནི་རྒྱུན་པར་གཤིས་སྤྱོད་འཇམ་པའི་མི་ཞིག་ཡིན་པ་ལ་དུས་ཡུན་རིང་པོར་གློག་རྡུལ་ཐོན་རྫས་བཀོལ་སྤྱོད་བྱས་ཚེ། སྡོད་བཟོད་མི་བདེ་བ་དང་ཁོང་ཁྲོ་ལངས་པའི་གནས་ཚུལ་འབྱུང་ཞིང་། འདི་དག་ནི་མཆིན་པར་གནོད་སྐྱོན་ཐེབས་རྗེས་མཆིན་ཁམས་མ་བདེ་བའི་མངོན་ཚུལ་ཡིན།

དུས་ཡུན་རིང་པོར་རོལ་རྩེད་ལ་གཡེང་བའི་མི་ནི་རྒྱུན་པར་རྣམ་རིག་མི་གསལ་བ་དང་ཉིན་དཀར་ལས་ཀ་དང་སློབ་སྦྱོང་བྱེད་སྐབས་བློ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ་པ། སྣ་སྦྲིད་རྒྱག་པ། མིག་ཕུར་ཕུར་བྱེད་པ། མིག་མཐའ་ནག་པོར་འགྱུར་བ་བཅས་ཡིན་ཏེ། འདི་དག་ནི་མཁལ་མར་གནོད་སྐྱོན་ཐེབས་པའི་མངོན་ཚུལ་ཡིན།

དེ་མིན། ད་དུང་སྐྲ་ཤུད་པ་དང་སྐྲ་དཀར་པོ་སྐྱེས་བ། བརྗེད་ངས་ཆེ་བ། སྒལ་ཚིགས་དང་སྐེ་ཚིགས་ཀྱི་ནད་སོགས་ཀྱང་འབྱུང་བ་ཡིན།

དུས་ཡུན་རིང་པོར་གློག་ཀླད་དང་ཁ་པར་ལ་ཅེར་ནས་ཆ་འཕྲིན་མང་པོ་སྡུད་ལེན་བྱས་ན། སེམས་ཁམས་ལ་ངར་སློང་སླ་ཞིང་། སེམས་ཁམས་དེ་ཆ་འཕྲིན་དང་བསྟུན་ནས་ཡང་དང་བསྐྱར་དུ་སྒྲིམ་ཞིང་ལྷོད་པར་བྱེད་པ་ཡིན་པས། ཀྲུང་ལུགས་གསོ་རིག་ནང་དེ་ལ་སེམས་ཁམས་གཡོ་འཁྱོམ་ཟེར་ཞིང་། གཉིད་མི་ཡོང་བ་དང་རྨི་ལམ་འཁྲུགས་པ་སོགས་ཀྱི་ནད་རྟགས་བསྐྱེད་སྲིད།

ཙོག་ཡུན་རིང་ན་ཤ་གནད་ལ་གནོད། མཚེར་བའི་བདག་པོ་ཤ་གནད་ཡིན། མཚེར་བ་ལ་གནོད་སྐྱོན་ཐེབས་པའི་མངོན་ཚུལ་ནི་ཐང་ཆད་དེ་སྒྱིད་ལུག་པ་དང་། ཟས་ཀྱི་ཡི་ག་མེད་པ་དང་། ངོ་མདོག་སེར་པོར་འགྱུར་བ་སོགས་ཡིན། བྱིས་པར་ཆ་བཞག་ནས་བཤད་ན། འཚར་ལོངས་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། ཐ་ན་ཡི་མུག་པ་སོགས་ཀྱི་གནད་དོན་ཡང་འབྱུང་བ་ཡིན།

གནོད་སྐྱོན་ཇེ་ཉུང་དུ་གཏོང་ཐབས།

ཅི་ལྟར་བྱས་ན་ད་གཟོད་གློག་རྡུལ་ཐོན་རྫས་ཀྱིས་བསྐྱེད་པའི་གནོད་འཚེ་ལ་གཡོལ་ཐུབ་པ་ཡིན་ནམ་ཞེ་ན། གཤམ་དུ་ཚང་མར་གོ་བདེ་སྤྱོད་བདེ་ཡི་ཐབས་ཤེས་གསུམ་ངོ་སྤྲོད་ཅིག་བྱེད།

1.ཆུ་ཚོད་ཕྱེད་ཙམ་དུ་མིག་ལ་སྲུང་སྐྱོབ་བྱེད་པའི་དྲན་སྐུལ་བྱེད་ཐབས།

གློག་རྡུལ་ཐོན་རྫས་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། རང་ལ་ཆུ་ཚོད་ཕྱེད་ཀའི་བར་ནས་རྒྱང་རིང་ལ་ཡུད་ཙམ་ལྟ་བའམ། ཁ་མལ་དུ་ལངས་ནས་འགུལ་སྤྱོད་ཅུང་ཟད་བྱེད་པའི་གསལ་འདེབས་བྱས་ན། མིག་གི་གནོད་སྐྱོན་ཇེ་ཉུང་དུ་གཏོང་ཐུབ་པ་ཡིན།

2. མིག་ལ་སྲུང་སྐྱོབ་བྱེད་ཐབས།

མིག་ལ་སྲུང་སྐྱོབ་བྱེད་ཐབས་ནི། མཐེ་བོང་གི་ཚིགས་སྣེ་གཉིས་མིག་འབྲས་ནང་ཕྱོགས་སུ་གླན་ནས། གཡས་འཁོར་ལྟར་ཐེངས་བཅུ་རུ་ཕུར་ཕུར་བྱེད་པ་དང་། དེ་ནས་སླར་ཡང་གཡོན་འཁོར་ལྟར་ཐེངས་བཅུ་རུ་ཕུར་ཕུར་བྱེད་པ་སྟེ། དེ་ལྟར་གཡས་གཡོན་སོ་སོར་སྔ་གཞུག་བརྗེས་ནས་སྐོར་བ་བཅུ་རེ་བྱེད་ཅིང་། ཡང་སྐོར་བསྐྱར་སྐོར་གྱིས་ཕུར་ཕུར་བྱེད་ལ། ཐེངས་རེར་མ་མཐར་ཡང་སྐར་མ་གསུམ་རེར་ཕུར་དགོས། མིག་ལ་ཕུར་ཕུར་བྱས་ཚར་རྗེས་མིག་སྲོ་བ་སྟེ། ཐོག་མར་ལག་མཐིལ་ཕན་ཚུན་གཙུབ་བརྡར་བྱས་ནས་ཚ་བ་བསླང་དགོས་པ་དང་། དེ་ནས་མྱུར་དུ་མིག་ལ་གླན་ནས་སྐར་མ་ཕྱེད་ཙམ་ལ་བསྡད་དེ། ལག་མཐིལ་གྱི་ཚ་དྲོད་མིག་གི་སྟེང་ལ་འཐིམ་པར་བྱེད་དགོས།

ཕན་ནུས་ནི། འདི་ལྟར་མིག་ལ་སྲུང་སྐྱོབ་བྱས་ན་མིག་གི་ཁྲག་རླུང་འཁོར་རྒྱུག་ཇེ་དྲག་ཏུ་གཏོང་ཐུབ་ལ། མིག་གི་ངལ་བ་སེལ་ཐུབ་པས། མཆིན་ཁྲག་གསོ་བ་དང་མཁལ་ནུས་གསོ་བར་ཕན།

3 མཆིན་པར་སྲུང་སྐྱོབ་བྱེད་ཐབས།

མཆིན་པར་སྲུང་སྐྱོབ་བྱེད་ཐབས་ནི་ལག་མཐིལ་གཉིས་ཀྱིས་རེས་མོས་སྒོས་གཞོགས་གཉིས་ཀྱི་རྩིབས་མར་ཕུར་མཉེད་བྱེད་པ་དང་། ཉིན་རེར་སྐར་མ་ལྔའི་རིང་ལ་བྱེད་དགོས།

ཕན་ནུས་ནི། མཆིན་པའི་ཁྲག་རླུང་ཁྲག་རྒྱུ་བར་བྱེད་པ་དང་མཆིན་པར་སྲུང་སྐྱོབ་བྱས་ནས་མིག་ཇེ་གསལ་དུ་གཏོང་བར་ཕན།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།