ཞིང་ཆེན་སྨན་རྫས་བརྟག་བཤེར་ཞིབ་དཔྱད་གླིང་ལ་རང་རྒྱལ་མི་རིགས་གསོ་རིག་ཚན་རྩལ་གྱི་ཆེས་མཐོའི་བྱ་དགའ་ཐོབ།
2022.08.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་སྨན་རྫས་བརྟག་བཤེར་ཞིབ་དཔྱད་གླིང་ལ་རང་རྒྱལ་མི་རིགས་གསོ་རིག་ཚན་རྩལ་གྱི་ཆེས་མཐོའི་བྱ་དགའ་སྟེ་ཀྲུང་གོ་མི་རིགས་གསོ་རིག་སློབ་ཚོགས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཨང་དང་པོ་ཐོབ།

མི་རིགས་སོ་སོའི་གསོ་རིག་རིག་གཞུང་རྒྱུན་འཛིན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་རིགས་སོ་སོའི་གསོ་རིག་རིག་གཞུང་གི་གྲུབ་འབྲས་དང་ཆེས་གསར་པའི་ཞིབ་འཇུག་འཕེལ་རྒྱས་ཕྱོགས་བསྡོམས་བྱེད་ཆེད། ཉེ་ཆར་ཀྲུང་གོ་མི་རིགས་གསོ་རིག་སློབ་ཚོགས་ཀྱིས་ཐོབ་ཐང་ཞིབ་བཤེར་དང་ཆེད་མཁས་པའི་ཞིབ་དཔྱད། མཐའ་མའི་དཔྱད་བསྡུར་དང་རྩོད་ལན་འདེབས་པ། སྤྱི་བསྒྲགས་བྱེད་པ་སོགས་བྱས་ལ། མཇུག་མཐར་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གྲོས་ཚོགས་སྟེང་གྲོས་བསྡུར་བྱས་ཤིང་གྲོས་འཆམ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་སྨན་རྫས་བརྟག་བཤེར་ཞིབ་དཔྱད་གླིང་གིས་མགོ་འཛིན་བྱས་ཏེ་ལེགས་འགྲུབ་བྱུང་བའི“བོད་སྨན་གྱི་སྤྱི་ཡོངས་སྤུས་ཀར་ཚོད་འཛིན་དང་བདེ་འཇགས་ཉེན་ཁར་ཞིབ་འཇུག་དང་བེད་སྤྱོད”ཞེས་པའི་ཚན་ཞིབ་གྲུབ་འབྲས་ལ2021ལོའི་ལོ་འཁོར་གྱི་ཀྲུང་གོ་མི་རིགས་གསོ་རིག་སློབ་ཚོགས་ཀྱི་ཚན་རིག་ལག་རྩལ་བྱ་དགའི་ཨང་དང་པོ་ཐོབ། འདི་ནི་ཞིང་ཆེན་སྨན་རྫས་བརྟག་བཤེར་ཞིབ་དཔྱད་གླིང་ལ2020ལོར་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་གཉིས་པ་ཐོབ་པའི་རྗེས་ཀྱི་བྱ་དགའ་ཐོབ་ཐེངས་གཉིས་པ་རེད།།

རྩོམ་སྒྲིག་པ། འབྲུག་མོ།