2022ལོའི་ཟླ8ཚེས9ཉིན་གྱི་དུས་ཚོད9སྟེང་། ལྷ་ས་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས2022ལོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོ་འཚོགས།
ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་རིན་གཞོན་པ་ཡན་ཀྲོའུ་ཀྲུང་གིས་བཤད་རྒྱུར། ཟླ8པའི་ཚེས7ཉིན་ནས་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དཔེ་དང་ནད་དུག་གི་རྒྱུད་གཞི་ཆ་ཚང་ལྟ་ཞིབ་ཚད་ལེན་བྱས་པའི་འབྲས་བུར་དབྱེ་ཞིབ་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་རེས་སྐོར་འདིའི་རིམས་ནད་ལ་ཁྱད་ཆོས་གསུམ་མངོན་པ་སྟེ། གཅིག་ནི་ཐེངས་འདིའི་རིམས་ནད་ཀྱི་ནད་དུག་ནི་ཨའོ་སྨི་ཁེ་རུངBA.2.76ཡིན་པ་དང་། གཉིས་ནི་རིམས་ནད་རིག་པའི་བརྟག་དཔྱད་དང་ཁོར་ཡུག་གི་མ་དཔེ་འཚོལ་བསྡུ་བྱས་འབྲས་ལས་ཐེངས་འདིའི་རིམས་ནད་ནི་ཕྱི་ནས་འགོས་པ་ཡིན་པ་གཏན་འཁེལ་བྱུང་ཡོད། གསུམ་ནི་ཁྱིམ་ཚང་གི་འདུ་འཛོམས་ལས་རིམས་ནད་ཐོན་པ་བཅས་རེད།
ཨའོ་སྨི་ཁེ་རུང་ནི“ཆམ་རིམས་ཆེན་པོ”དང་མི་འདྲ་ཞིང་། དེའི་འགོ་ཤུགས་ནི་ཆམ་རིམས་དང་དེའི་གོང་གི་པྲོག་གསར་ནད་དུག་གཞན་འགྱུར་དུག་སྲིན་ལས་ཆེ་བ་རེད། ད་ལྟ་ཡོད་པའི་རིམས་འགོག་སྨན་ཁབ་ཀྱིས་ཨའོ་སྨི་ཁེ་རུང་གཞན་འགྱུར་ནད་དུག་ལ་ཕན་འབྲས་ངེས་ཅན་ཐོན་གྱི་ཡོད་ལ། ནད་གཞི་ཚབས་ཆེ་ཞིང་ལྕི་རིགས་དང་འདས་གྲོངས་ནད་དཔེ་མི་ཐོན་པར་སྔོན་འགོག་ནུས་ལྡན་བྱེད་ཐུབ་པ་ཡིན་པས། རྒྱ་ཆེའི་སྡོད་དམངས་ཀྱིས་ངེས་པར་དུ་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་དགོས་པ་དང་ལྷག་པར་དུ་ཐེངས་གསུམ་པའི་སྣོན་ཁབ་ངེས་པར་དུ་རྒྱག་དགོས།
རིམས་ནད་འགོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་པ་དང་སྤྱི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་བྱ་ཆེད། སྡོད་དམངས་ཚོས་དགོས་མཁོ་མེད་ཚེ་ཕྱི་ལ་མི་འགྲོ་བ་དང་མཁའ་དབུགས་རྒྱུ་མི་ཐུབ་པའི་གནས་སུ་འདུ་འཛོམས་མི་བྱེད་པ། གལ་སྲིད་ངེས་པར་དུ་ཕྱི་ལ་འགྲོ་དགོས་ཚེ་ཁ་ཐུམ་རྒྱག་པ་དང་། མི་མང་པོ་འདུ་འཛོམས་བྱ་ཡུལ་དུ་སྨི་གཅིག་ཡན་གྱི་བར་ཐག་རྒྱུན་འཁྱོངས་བཅས་བྱེད་དགོས་པ་ལས་འཚང་ཁ་ཆེ་སར་ཡུན་རིང་འདུག་མི་རུང་། རྒྱ་ཆེའི་སྡོད་དམངས་ཚོས《སྤྱི་དམངས་ཀྱི་རིམས་འགོག་གཞི་རྩའི་བྱ་སྤྱོད་ཚད་གཞིའི》བླང་བྱར་དམ་པོར་དམིགས་ནས། འགོག་སྲུང་ལས་དོན་ཏན་ཏིག་གིས་སྒྲུབ་པ་དང་། ངེས་པར་དུ་དུས་བཀག་ལྟར་ཉིང་སྐྱུར་བརྟག་དཔྱད་བྱེད་པ། ཕྱི་ལ་འགྲོ་སྐབས་ཁ་ཐུམ་རྒྱག་པ། མི་མང་པོ་འདུ་འཛོམས་བྱ་ཡུལ་དུ་བདེ་ཐང་གཤེར་རིས་ལ་ལྟ་བ་དང་། ཚ་གྲངས་ལ་ལྟ་བ། ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་ལ་ལྟ་བ་སོགས་ཀྱི་རིམས་འགོག་བླང་བྱར་རང་འགུལ་ངང་བརྩི་སྲུང་བྱ་དགོས། གལ་ཏེ་ཚ་རྒྱས་པ་སོགས་ཀྱི་ནད་རྟགས་ཡོད་ཚེ་མགྱོགས་མྱུར་ངང་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་དགོས་པ་དང་སྨན་ཁང་དུ་སྐྱོད་སྐབས་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་མི་རུང་། རྒྱ་ཆེའི་སྡོད་དམངས་དང་ཡུལ་སྐོར་བ་ཚོས་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ལ་རང་འགུལ་ངང་བརྩི་སྲུང་བྱས་ནས་རིམས་ནད་ཚར་གཅོད་དམག་འཐབ་མཐའ་གཅིག་ཏུ་ཡག་པོར་རྒྱག་དགོས།
རྩོམ་སྒྲིག་པ། འབྲུག་མོ།