དབྱར་ཁར་སྐྱི་པགས་ཀྱི་ཚོར་ལྷག་འགོག་བཅོས་བྱེད་ཐབས་ཆེན་པོ་བཞི།
2022.08.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

དབྱར་ཁར་སྨུག་ཕྱིའི་འོད་ཐིག་གི་འགྱེད་འཕྲོ་བཙན་པས་ཉི་འོད་རང་བཞིན་གྱི་པགས་ནད་འབྱུང་ཚད་ཇེ་མང་དུ་འགྲོ་བ་དང་། བརླན་ཚད་ཀྱི་ཚ་ངད་ཕོག་པ་དང་རྔུལ་ཆུ་ཐོན་པ་ཅུང་མང་བས་རློན་འབྲུམ་འབྱུང་ཚད་ཀྱང་ཧ་ཅང་མཐོ་ལ། དུག་སྦྲང་གིས་སོ་བཏབ་པ་ལས་སྦྲང་དུག་པགས་ནད་མང་དུ་འབྱུང་བ་སོགས་ཀྱི་དབང་གིས། ཟླ་བདུན་པའི་ཚེས་བརྒྱད་ཉིན་ནི་འཛམ་གླིང་གི་ཚོར་ལྷག་རང་བཞིན་གྱི་ནད་རིགས་ཉིན་མོར་གཏན་འཁེལ་བྱས་ཡོད་པ་དང་། སྐབས་འདི་ལ་བརྟེན་ནས་ཚང་མར་ཚོར་ལྷག་རང་བཞིན་གྱི་པགས་ནད་དང་འབྲེལ་བའི་ཤེས་བྱ་ཕྲན་ཙམ་སྟབས་བདེ་བའི་སྒོ་ནས་ངོ་སྤྲོད་ཅིག་བྱ།

ཚོར་ལྷག་རང་བཞིན་གྱི་པགས་ནད་ནི་ཅི་ཞིག་ཡིན།

ཚོར་ལྷག་རང་བཞིན་གྱི་པགས་ནད་ནི་གཙོ་བོར་དམར་ཐིག་དང་ཐོར་འབྲུམ་གྱི་རྣམ་པར་མངོན་པ་དང་། ཚབས་ཆེ་བར་ཆུ་བུར་དང་རལ་རྨ་འབུད་པའམ། ཡང་ན་ཆུ་སེར་མང་དུ་བཞུར་བ་ཡིན། གཅོང་ནད་རང་བཞིན་གྱི་རིམ་པར་སླེབས་ཚེ། གཙོ་བོ་པགས་འབྲུམ་གྱི་མདོག་དམར་སྨུག་ཡིན་ལ། ཤུན་པགས་ལྷུང་བ་དང་སྐྱི་པགས་སྐམ་པར་འགྱུར་བ་ཡིན། གལ་ཏེ་ན་ཡུན་ཅུང་རིང་ན། འཕྲུག་པའི་དབང་གིས་སྐྱི་པགས་ཇེ་མཐུག་དང་སྔོ་དྲེག་དབྱིབས་འགྱུར་འབྱུང་བ་དང་། ཡང་ན་བྲད་ཤུལ་དང་རྨ་སྐོགས་ཆགས་པ་ཡིན།

ཚོར་ལྷག་རང་བཞིན་གྱི་པགས་ནད་འབྱུང་བ་ལ་རྒྱུ་རྐྱེན་གཙོ་བོ་བཞི་ཡོད་དེ། རྒྱུད་འཛིན་རྒྱུ་རྐྱེན་དང་། སྐྱི་པགས་ལ་གནོད་སྐྱོན་ཐེབས་པ་སྟེ། བཀྲུ་བཤལ་བྱས་དྲགས་པས་ཀྱང་བསྐྱེད། རིམས་འགོག་བྱེད་ནུས་འཁྲུགས་པ་སྟེ། སེམས་ལས་ཆེ་བ་དང་མཚན་སྐྱེལ་བ། ཐང་ཆད་དྲག་པ་སོགས་ཀྱིས་ཀྱང་སློང་། འགོས་ཁྱབ་རྒྱུ་རྐྱེན་བཅས་སོ། །

ཚོར་ལྷག་རང་བཞིན་གྱི་པགས་ནད་བྱུང་ན་ཇི་ལྟར་བྱེད།

1.འཁྱགས་དར་གླན་ནས་ནད་རྟགས་ཞི་བར་བྱེད་པ།

སྐྱི་པགས་ལ་དམར་ཐིག་ལྷུང་བ་དང་ཐོར་འབྲུམ་བུད་པ་དང་། ཟ་འཕྲུག་ལངས་ན། འཁྱགས་དར་སྤྱད་ཆོག་ཅིང་། ཡང་ན་སྨན་སྦྱོར་ཚྭ་ཆུའི་ནང་དུ་སྲིན་མེད་སྲིང་རས་སྦངས་རྗེས་སྐྱི་པགས་ཚོར་ལྷག་བྱུང་སར་གླན་དགོས། སྨན་སྦྱོར་ཚྭ་ཆུ་ཡི་བདེ་འཇགས་རང་བཞིན་མཐོ་ཞིང་འཐིམ་ཤུགས་བཟང་བས། སྐྲང་བ་དང་དམར་ཐིག་ལྷུང་བ་སེལ་ཞིང་སྐྱི་པགས་ཀྱི་ནུས་པ་སྲུང་ཐུབ་པ་ཡིན། གལ་ཏེ་ཡུན་རིང་པོར་སྐྱི་པགས་དམར་པོར་འགྱུར་བའི་སྣང་ཚུལ་བྱུང་ཚེ། མྱུར་མོར་སྨན་ཁང་དུ་སོང་ནས་གསོ་བཅོས་བྱེད་དགོས།

2.གང་འདོད་ལྟར་སྐུལ་རྩའི་སྨན་རྫས་སྤྱོད་མི་རུང་།

པགས་ནད་ཚན་ཁག་གི་སྨན་པས་ནད་གཞི་བརྟག་དཔྱད་མ་བྱས་པའི་གོང་། རང་འདོད་ལྟར་སྨན་ལེན་སར་སོང་སྟེ་མངར་ཆའི་པགས་རྒྱུ་ཡི་སྐུལ་རྩིའི་བྱུགས་སྨན་ཏེ་པགས་པའི་གཉན་ཚད་ཀུན་འཇོམས(ཚུའུ་སོན་ཏི་སའེ་སྨི་སུང)དང་ལུའུ་སྨི་སུང་། ཨའེ་ལུའོ་སུང(ཐང་སོན་མོ་སྨི་སུང)སོགས་ཉོ་མི་རུང་། དེའི་རྐྱེན་གྱིས་སྐུལ་རྩིའི་བྱུགས་སྨན་འདིའི་རིགས་ལ་གཉན་ཚད་འགོག་པའི་ནུས་པ་མགྱོགས་ནའང་། དུས་ཡུན་རིང་པོར་གང་འདོད་དུ་བཀོལ་སྤྱོད་བྱས་ན་ཞོར་ནུས་ཐེབས་པ་ཡིན། དཔེར་ན་སྐྱི་པགས་ཀྱི་ཕྱི་ངོས་འཁུམ་པ་དང་ཚོས་རྒྱུ་ཇེ་ཟབ་ཏུ་འགྲོ་བ་སོགས་འབྱུང་ཞིང་། ད་དུང་གདོང་ལ་སྐུལ་རྩིར་བརྟེན་པའི་རང་བཞིན་གྱི་པགས་པའི་གཉན་ཚད་འབྱུང་བ་ཡིན་པས། གསོ་བཅོས་དུས་ཡུན་ཇེ་རིང་དུ་འགྲོ་བ་དང་གསོ་བཅོས་ཀྱི་དཀའ་ཚད་ཇེ་མཐོར་འགྲོ་བ་ཡིན།

3.ཚོར་ལྷག་འབྱུང་རྐྱེན་བརྟག་དཔྱད་འཐུས་ཚང་བར་བྱེད་པ།

དབྱར་ཁར་ཚོར་ལྷག་འབྱུང་བ་ནི་དྲོད་ཚད་དང་བརླན་ཚད། ཟས་སྤྱོད་སོགས་བྱ་དངོས་ཀྱི་ངར་སྣོན་དང་འབྲེལ་བ་དམ་པོ་ཡོད་ལ། གལ་ཏེ་ཡང་དང་བསྐྱར་དུ་ཚོར་ལྷག་བྱུང་ན། རབ་ཡིན་ན་དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་པགས་ནད་ཚན་ཁག་ནས་ཚོར་ལྷག་འབྱུང་རྐྱེན་གྱི་བརྟག་དཔྱད་ལེགས་པོར་བྱེད་དགོས། ཚོར་ལྷག་འབྱུང་རྐྱེན་དང་རིང་དུ་བཀྱེད་པ་ནི་ཚོར་ལྷག་འགྱུར་འབྱུང་འབྱུང་བ་འགོག་པ་དང་ཚོར་ལྷག་གི་ནད་རྟགས་ཇེ་ཡང་དུ་གཏོང་བའི་ཐབས་ལེགས་ཤོས་དེ་ཡིན།

4.ཉིན་རྒྱུན་སྙོམས་གསོ་བྱེད་པ་གལ་ཆེ་བ།

ཚོར་ལྷག་བྱུང་བའི་སྐབས་སུ་ཉ་དང་ཆུ་འབུ་གློ་ཉ། སྡིག་སྲིན་སོགས་རིགས་མི་གཅིག་པའི་རང་བཞིན་གྱི་སྤྲི་དཀར་དང་ཁ་ཚ་སོགས་ངར་སྐྱེད་ཟས་རིགས་བཟའ་མི་རུང་བ་དང་ཆང་ཡང་འཐུང་མི་རུང་། སྐྱི་པགས་ཀྱི་ཚོར་ལྷག་འབྱུང་བ་སྔོན་འགོག་བྱེད་པ་ལ་མཚན་མི་སྐྱེལ་བ་དང་སེམས་འཚབ་སོགས་འཇགས་པར་བྱེད་དགོས་ཤིང་། འོས་འཚམ་གྱིས་འགུལ་སྐྱོད་བྱེད་པ་དང་གཟུགས་ཕུང་གི་རིམས་འགོག་ནུས་པ་ཇེ་རྒྱས་སུ་གཏོང་དགོས།

གལ་ཏེ་སྐྱི་པགས་ལ་དམར་ཐིག་ལྷུང་བ་དང་ཟ་འཕྲུག་ལངས་པའི་སྐབས་སུ། ཚོར་ལྷག་འགོག་པའི་ཁོང་བསྟེན་སྨན་རྫས་སྤྱད་ནས་གསོ་བཅོས་བྱེད་ཆོག་པ་དང་། རྒྱུན་པར་ཁྱིམ་དུ་ལུའུ་ལེ་ཐ་ཏེན་རིལ་བུ་སོགས་ཀྱི་སྨན་རྫས་གྲ་སྒྲིག་བྱས་ན་བཟང་།

དེ་མིན། ཁོང་བསྟེན་སྨན་ཐང་གིས་ཁོག་གི་རླུང་ཁྲག་སྙོམས་པར་བྱེད་ཅིང་། ཚ་བ་འཇོམས་ཤིང་ཁྲག་གྲང་སེལ་བ་དང་དུག་སེལ་བརླན་འཇོམས་སམ་ཟུངས་ཁྲག་གསོ་བར་བྱེད་པས། རླུང་ཁམས་གསོ་རོགས་བྱས་ཏེ་སྐྱི་པགས་ཀྱི་ཚོར་ལྷག་འགོག་བཅོས་བྱེད་པ་ཡིན། ཀྲུང་ལུགས་གསོ་རིག་གི་ཕྱི་བཅོས་ལའང་ཕན་ནུས་ལེགས་པོ་ལྡན་ཞིང་། གལ་ཏེ་དབྱར་ཁར་བྱིས་པ་རྣམས་ལ་ཚ་འབྲུམ་མམ་སིབ་ཐོར་སོགས་ཟ་འཕྲུག་རང་བཞིན་ཅན་གྱི་པགས་ནད་བྱུང་ན། ལུའུ་ཀན་ཧྲི་འཁྲུ་བྱེད་སྨན་རྫས་སྤྱད་ཀྱང་ཆོག །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

རྩོམ་སྒྲིག་པ། འབྲུག་མོ།