ཉིང་སྐྱུར་བརྟག་དཔྱད་ཀྱིས་ནད་དུག་འགོས་ཡོད་མེད་སྔ་མོ་ནས་ཤེས་ཐུབ། དེ་བས་ཉིང་སྐྱུར་བརྟག་དཔྱད་ནི་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། མི་མང་པོ་ཞིག་གིས་ཉིང་སྐྱུར་བརྟག་དཔྱད་བྱས་རྗེས་ཁ་ཐུམ་གནས་དེ་གར་གཡུག་ཆོག་མིན་ལ་ཐེ་ཚོམ་ཟ་བཞིན་འདུག དོན་དམ་དུ་ཇི་ལྟར་བྱེད་དགོས་སམ། ཁ་ཐུམ་གང་ལ་གཡུག་དགོས་པ་རེད་དམ་ཟེར་ན། ང་ཚོས་དྲི་བ་རེ་རེ་བཞིན་ངོ་སྤྲོད་ཅིག་བྱེད།
༡. ཉིང་སྐྱུར་བརྟག་དཔྱད་བྱས་རྗེས་ཁ་ཐུམ་གནས་དེ་གར་གཡུག་ཆོག་གམ།
ཉིང་སྐྱུར་བརྟག་དཔྱད་ལ་མ་སོང་གོང་རབ་ཡིན་ན་ཁ་ཐུམ་ཞིག་གྲ་སྒྲིག་བྱས་ནས་འགྲོ་དགོས། ཉིང་སྐྱུར་མ་དཔེ་བླངས་རྗེས་འཕྲལ་དུ་ཁ་ཐུམ་ཕྱིར་བརྒྱབ་ནས་དེ་མུར་གནས་དེ་དང་ཁ་འབྲལ་འགྲོ་དགོས་ལ། དེ་ནས་སྤྱད་ཟིན་པའི་ཁ་ཐུམ་དེ་ཉིང་སྐྱུར་མ་དཔེ་ལེན་སའི་ས་གནས་ན་གཏན་ཁེལ་བྱས་ཡོད་པའི་བེད་མེད་ཁ་ཐུམ་ཆེད་སྤྱོད་སྙིགས་སྣོད་དུ་འཕེན་དགོས། གལ་སྲིད་ཁ་ཐུམ་གྲ་སྒྲིག་བྱས་མེད་ན་ཁྱིམ་དུ་ལོག་རྗེས་ཁ་ཐུམ་དེ་ཡང་བསྐྱར་མི་སྤྱོད་པ་དང་། འགྱིག་ཁུག་སོགས་སུ་བཅུག་ནས་ཁ་དམ་པོར་སྡོམ་པའམ་དུག་སེལ་བྱས་རྗེས་གཞིས་ཁུལ་གྱི་བེད་མེད་ཁ་ཐུམ་ཆེད་སྤྱོད་སྙིགས་སྣོད་དུ་འཕེན་དགོས། ཡང་ན་འགྱིག་ཁུག་ནང་བཅུག་ནས་ཁ་དམ་པོར་བསྡམས་རྗེས་སྙིགས་སྣོད་གཞན་པའི་ནང་གཡུག་ནའང་ཆོག
༢. ཁ་ཐུམ་རང་དགར་གཡུག་མི་རུང་ཚེ་ཇི་ལྟར་བྱེད་དགོས་སམ།
བེད་སྤྱོད་བྱས་ཟིན་པའི་ཁ་ཐུམ་རང་དགར་གཡུག་མི་རུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་པྲོག་གསར་རིམས་ནད་མཉམ་འགོག་མཉམ་སྡོམ་སྒྲིག་སྲོལ་གྱིས་བཀྲམས་པའི་༼ པྲོག་གསར་རིམས་འགོག་ཁ་ཐུམ་སྤྱོད་སྟངས་ཕྱོགས་སྟོན༽ ལྟར་ན། བེད་སྤྱད་ཟིན་པའི་ཁ་ཐུམ་ཐག་གཅོད་བྱེད་སྟངས་རྩ་བའི་སྟེང་རིགས་གཉིས་སུ་དབྱེ་ཡོད་དེ། གཅིག བདེ་ཐང་མི་སྣས་བེད་སྤྱོད་བྱས་ཟིན་པའི་ཁ་ཐུམ་དེ་འཚོ་བའི་གད་སྙིགས་རིགས་དབྱེའི་བླང་བྱ་ལྟར་ཐག་གཅོད་བྱ་དགོས། གཉིས། དོགས་ཡོད་ནད་པའམ་ཡང་ན་གཏན་ཁེལ་ནད་པས་སྤྱད་ཟིན་པའི་ཁ་ཐུམ་གང་དགར་གཡུག་མི་རུང་། དེ་ངེས་པར་དུ་སྨན་བཅོས་སྙིགས་རོར་བརྩིས་ནས་སྨན་བཅོས་བེད་མེད་དངོས་པོའི་ཐག་གཅོད་འགྲོ་རིམ་ལྟར་ཐག་གཅོད་བྱ་དགོས།།
རྩོམ་སྒྲིག་པ། འབྲུག་མོ།