གཞུང་སྒྲུབ་གནས་ཡུལ་གྱི་རིམས་འགོག་མཛུབ་སྟོན།
2022.09.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 13

རང་ཞིང་གི་ས་གནས་སོ་སོའི་རིམས་ནད་གནས་ཚུལ་རིམ་གྱིས་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། ལས་ཀ་དང་ཐོན་སྐྱེད་ཡོད་ཚད་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་བཞིན་པའི་སྒང་ཡིན། ཡིན་ན་ཡང་རིམས་འགོག་བྱ་བ་སྔར་བཞིན་དམ་འཛིན་བྱ་དགོས་པས་གཤམ་དུ་གཞུང་སྒྲུབ་གནས་ཡུལ་གྱི་རིམས་འགོག་བྱེད་ཐབས་ཇི་ལྟར་རྒྱུན་འཁྱོངས་བྱ་དགོས་པའི་སྐོར་གྱི་རིམས་འགོག་རྒྱུན་ཤེས་དོན་ཚན་འགའ་ངོ་སྤྲོད་ཅིག་བྱ།

གཅིག རིམས་འགོག་དངོས་རྫས་གྲབས་འཇོག་བྱེད་པ།

ཁ་ཐུམ་དང་ལག་འཁྲུད་གཤེར་ཁུ། དུག་སེལ་སྨན་ཆུ་སོགས་རིམས་འགོག་དངོས་རྫས་གྲབས་འཇོག་བྱ་དགོས་པ་དང་། འཕྲལ་བསྟུན་བྱ་བའི་འཆར་འགོད་བཟོས་ནས་ལས་ཁུངས་ཀྱིས་གཙོ་འགན་འཁུར་བ་དངོས་འབེབས་བྱེད་པ་དང་། མི་སྣའི་བདེ་ཐང་གསོ་སྦྱོང་ལ་ཤུགས་སྣོན་དགོས།

གཉིས། ཉིན་རྒྱུན་བདེ་ཐང་ལྟ་ཞིབ་བྱེད་པ།

ལས་བྱེད་མི་སྣར་བདེ་ཐང་ལྟ་ཞིབ་བྱེད་པའི་སྒྲིག་ལམ་བཟོས་ཏེ་ཉིན་རེ་བཞིན་ལས་བྱེད་མི་སྣའི་བདེ་ཐང་གནས་ཚུལ་ལ་ལྟ་ཞིབ་དང་ཐོ་འགོད་བྱ་དགོས་པ་དང་། གལ་ཏེ་ཚ་རྒྱག་པ་དང་། སྐམ་ལུ་བྱེད་པ། ནུས་ཤུགས་མེད་པ། མིད་པ་ན་བ་སོགས་ཀྱི་ནད་རྟགས་བྱུང་ན་དེ་མ་ཉིད་དུ་སྨན་པར་སྟོན་དགོས།

གསུམ། ལུས་དྲོད་བརྟག་འཇལ་བྱེད་པ།

ལས་ཁུངས་ཀྱི་སྒོ་ཁ་རུ་ལུས་དྲོད་བརྟག་འཇལ་བྱེད་ས་ཞིག་བཀོད་སྒྲིག་བྱས་ཏེ་ལས་བྱེད་མི་སྣ་ཡོངས་ལ་ལུས་དྲོད་བརྟག་འཇལ་བྱ་དགོས་པ་དང་། ཕྱི་ཡོང་མི་སྣ་ལ་ལུས་དྲོད་བརྟག་འཇལ་དང་བདེ་ཐང་ཨང་རིས་བཤེར་ནས་ཐོ་འགོད་བྱས་རྗེས་རྒྱུན་ལྡན་ཡིན་ན་ནང་ལ་འགྲོ་རུ་འཇུག་པ།

བཞི། གཞུང་སྒྲུབ་གནས་ཡུལ་ལ་རླུང་རྒྱུ་རུ་འཇུག་པ།

གཞུང་སྒྲུབ་ཁང་དང་ཇ་ཁང་། སྤྱོད་ཁང་སོགས་ལ་རླུང་རྒྱུ་རུ་འཇུག་པ་རྒྱུན་འཁྱོངས་བྱ་དགོས་པས་ཉི་མ་རེ་ལ་སྒེའུ་ཁུང་ཐེངས་གཉིས་ནས་གསུམ་ལ་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ་དང་། ཐེངས་རེ་ལ་སྐར་མ་ཉི་ཤུ་ནས་སུམ་ཅུ་ལ་སྒེའུ་ཁུང་ཕྱེ་ནས་འཇོག་དགོས།

བཞི། ལག་པ་འཁྲུད་བྱེད་ཀྱི་སྒྲིག་ཆས་ཆ་ཚང་དགོས།

གཞུང་སྒྲུབ་ཁང་དང་ཇ་ཁང་། སྤྱོད་ཁང་ལ་སོགས་པའི་གནས་སུ་ལག་པ་འཁྲུད་བྱེད་ཀྱི་སྒྲིག་ཆས་བཀོད་སྒྲིག་བྱ་དགོས་ལ། ཆ་རྐྱེན་ལྡན་ན་མྱུར་ཏུ་སྐམ་འགྲོ་བའི་ལག་པའི་དུག་སེལ་སྨན་ཆུ་དང་ཡང་ན་ཚོར་ནུས་ཅན་གྱི་ལག་པའི་དུག་སེལ་སྒྲིག་ཆས་བཀོད་སྒྲིག་བྱ་དགོས། དེ་མིན་ཇ་ཁང་དང་ཉལ་ཁང་། སྤྱོད་ཁང་སོགས་གནས་གཙོ་བོ་དག་ལ་གཙང་སྦྲ་དུག་སེལ་ལེགས་པོ་བྱ་དགོས།

ལྔ། ཟ་མ་ཟ་སྐབས་ཐུག་འབྲེལ་མི་བྱེད་པ།

ཇ་ཁང་གིས་སྔོ་ཚོད་སོགས་ཟས་རིགས་ཉོ་སྒྲུབ་བྱེད་དུས་ཚད་ལྡན་གྱི་གནས་ནས་ཉོ་སྒྲུབ་བྱ་དགོས་ལ། ཡོང་ཁུངས་ཁུངས་འདེད་བྱ་རྒྱུ་ཡོད་པ་ཁག་ཐེག་བྱ་དགོས། ཟ་མ་ཟ་སྐབས་གནས་དང་དུས་བགོས་ནས་བཟའ་དགོས་པ་ལས་ཇ་ཁང་ནས་མཉམ་ཟ་བྱེད་པ་དང་ཐུག་འབྲེལ་བྱེད་པ་ཇེ་ཉུང་དུ་གཏང་དགོས།

དྲུག ཚོགས་འདུ་ཇེ་ཉུང་དུ་གཏོང་བ།

ཤོག་བུ་མི་བཀོལ་བར་གཞུང་སྒྲུབ་བྱེད་པར་སྐུལ་འདེད་བཏང་ནས། མི་དང་མིའི་བར་ལ་ཐད་ཀར་ཐུག་འབྲེལ་བྱེད་པ་ཇེ་ཉུང་གཏང་དགོས་ཤིང་། ཚོགས་འདུ་ཆེན་པོ་དང་ཟབ་སྦྱོང་། དེ་མིན་མི་སྣ་འདུ་འཛོམས་ཆེ་བའི་བྱེད་སྒོ་སོགས་ཅི་ནུས་ཀྱིས་ཇེ་ཉུང་གཏང་ཅི་ཐུབ་བྱ་དགོས།

བདུན། མི་སྒེར་གྱི་རིམས་འགོག་ནན་ཏན་བྱེད་པ།

ལས་བྱེད་མི་སྣས་མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བྱས་ཏེ་དུས་ལྟར་ལག་པ་བཀྲུ་དགོས་ལ། ལག་པ་མ་བཀྲུས་གོང་ལ་ཁ་དང་མིག་སྣ་སོགས་ལ་ཐུག་རེག་བྱེད་མི་རུང་ཞིང་། སྣ་སྦྲིད་རྒྱག་པ་དང་གློ་ལུ་བྱེད་པའི་སྐབས་སུ་ཤོག་བུས་ཁ་སྣ་གཅོད་པའམ་གྲུ་མོས་ཁ་སྣ་དགབ་དགོས།

བརྒྱད། རིམས་འགོག་ཤེས་བྱ་དྲིལ་སྒྲོག་བྱེད་པ།

སྦྱར་བྱང་དང་བརྙན་ཤེལ། དྲིལ་སྒྲོག་དྲ་མིག་སོགས་ལས་པྲོག་གསར་གློ་ཚད་ཀྱི་རིམས་འགོག་ཤེས་བྱ་དྲིལ་སྒྲོག་བྱེད་པར་ཤུགས་སྣོན་དགོས།།

རྩོམ་སྒྲིག་པ། འབྲུག་མོ།