རྒན་པས་རྒས་ཁ་སྲ་བར་ཐོག་མར་ཁ་ཟས་ལེགས་པར་བསྟེན་དགོས།
2022.10.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 30

རང་རྒྱལ་གྱི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་རྒྱུན་ཆད་མེད་པར་ཇེ་རིང་དུ་འགྲོ་བ་དང་བསྟུན་ནས།  ལོ་ན་རྒས་པ(ལོ80ཡན)དང་ལུས་ཟུངས་ཞན་པའི་ལོ་ལོན་གྱི་བསྡུར་གྲངས་ཀྱང་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ལོ་ན་རྒས་པ་དང་ལུས་ཟུངས་ཞན་པའི་ལོ་ལོན་གྱི་ལུས་པོའི་མ་ལག་ཁག་གི་ནུས་པ་མངོན་གསལ་ཀྱིས་ཉམས་པ་དང་འཚོ་བཅུད་མི་འདང་བ། དེའི་ཁར་དལ་བའི་རང་བཞིན་གྱི་ནད་རིགས་འབྱུང་ཚད་མཐོ་བའི་དབང་གིས། རྒན་པའི་བཟའ་བཏུང་གི་འཚོ་བཅུད་ཐད་དེ་བས་དོ་སྣང་ཆེན་པོ་བྱས་ནས་རྒན་པ་རེ་རེའི་གནས་ཚུལ་ལྟར་བཟའ་བཏུང་སྡེབ་མཁས་བྱེད་དགོས། ལུས་ཟུངས་ཞན་པ་ཞེས་པ་ནི་རྒན་པའི་ལུས་སྟོབས་ཇེ་ཞན་དུ་སོང་བ་ལས་ལུས་ཁམས་ལ་གནོད་འཚེ་འབྱུང་སླ་བའི་གནས་ཚུལ་ཇེ་མང་དུ་འགྲོ་བ་དང་། རིམས་འགོག་ནུས་པ་ཇེ་ཆུང་དུ་འགྲོ་བའི་དམིགས་བསལ་རང་བཞིན་མིན་པའི་གནས་ཚུལ་ལ་ཟེར། ལུས་ཟུངས་ཞན་པ་དེ་མ་ལག་མང་པོའི་ནད་ལུགས་དང་ལུས་ཁམས་ཀྱི་འགྱུར་ལྡོག(དབང་རྩའི་ཤ་གྲིམ་དང་རྙིང་ཚབ་གསར་འབྱེད་དང་རིམས་འགོག་མ་ལག་སོགས་འདུས)དང་འབྲེལ་བ་ཡོད་ལ། དེ་ནི་དལ་བའི་རང་བཞིན་གྱི་ནད་རིགས་མང་པོ་དང་ནད་གཞི་ལྗིད་མོའི་རིགས་བྱུང་བ་ལས་བསྐྱེད་པ་རེད།

བཟའ་བཏུང་དང་སྤྱོད་ལམ་གྱིས་རྒན་པའི་འཚོ་བཅུད་ཀྱི་གནས་ཚུལ་དང་བདེ་ཐང་ཐག་གཅོད་པ་ཡིན། རྒན་པའི་བཟའ་བཏུང་དང་སྤྱོད་ལམ་གྱི་གནས་ཚུལ་ལ་དམིགས་ནས་དེར་བསྟུན་གྱི་བྱེད་ཐབས་སྤྱད་ན། ལུས་ཟུངས་ཞན་པ་སྔོན་འགོག་དང་ཡང་ན་ཕྱིར་འགྱངས་བྱས་ཏེ། རྒན་པའི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་ཐུབ།

གཅིག སྣ་མང་ཕུན་སུམ་ཚོགས་པའི་ཟས་རིགས་བཟའ་དགོས།

རྒན་པས་སྣ་མང་ཕུན་སུམ་ཚོགས་པའི་ཟས་རིགས་བསྟེན་པར་སྔར་ལས་དོ་སྣང་བྱེད་དགོས་ཤིང་། གཙོ་བོ་གཤམ་གྱི་ཕྱོགས་འགར་མཉམ་འཇོག་བྱེད་དགོས།

1. ཟས་རིགས་སྣ་མང་བསྟེན་པ། རྒྱུན་དུ་ཟ་བཞིན་པའི་འབྲས་དང་། གོ་རེ་སོགས་གཙོ་ཟས་ལས་གཞན་ད་དུང་ཁྲེ་དང་། མ་རྨོས་ལོ་ཏོག བྲ་བོ་དང་། ཡུ་གུ་སོགས་རྩིང་འབྲུ་རིགས་ཟ་དགོས། གཞན་ཡང་ཞོག་ཁོག་དང་ཞོག་ཁོག་མངར་མོའང་གཙོ་ཟས་བྱས་ཆོག

2.ཟས་ཐུན་རེ་རེར་སྔོ་ཚོད་ཟ་བ།  སྔོ་ཚོད་རིགས་མི་འདྲ་བ་རེ་རའི་ནང་དུ་འདུས་པའི་འཚོ་བཅུད་ཀྱི་གྲུབ་ཆ་ལ་ཁྱད་པར་ཆེན་པོ་ཡོད་པས། རྒན་པ་རྣམས་ཀྱིས་གང་ནུས་ཅི་ཐུབ་ཀྱིས་རིགས་མི་འདྲ་བའི་སྔོ་ཚོད་དེ། དཔེར་ན། སྣུམ་ཚལ་་དང་། ཚོད་དཀར་ཆུང་བ་སོགས་ཟ་དགོས། རིགས་མི་འདྲ་བའི་སྔོ་ཚོད་སྣ་ཚོགས་ད་དུང་སྡེབ་སྦྱོར་བྱས་ནས་བཟའ་ཆོག

3. སིལ་ཏོག་རིགས་མང་པོ་བཟའ་བ། རྒན་པས་སིལ་ཏོག་བཟའ་སྐབས་ཉུང་ངུ་ཙམ་ལས་ཟ་མི་ཐུབ་ནའང་སྣ་ཁ་མང་པོ་ཟོས་ན་བཟང་།

གཉིས། སྲོག་ཆགས་རང་བཞིན་གྱི་ཟས་རིགས་ཁ་གསབ་བྱེད་པ།

རྒན་པས་སྲོག་ཆགས་རང་བཞིན་གྱི་ཟས་རིགས་འདང་ངེས་ཤིག་ཁ་གསབ་བྱེད་དགོས་པར་མ་ཟད། རྒྱུན་དུ་འོ་ཟས་དང་སྲན་རྫས་བཟའ་དགོས།

སྲོག་ཆགས་རང་བཞིན་གྱི་ཟས་རིགས་ནམ་རྒྱུན་བརྗེ་ནས་བཟའ་དགོས། སྲོག་ཆགས་རང་བཞིན་གྱི་ཟས་རིགས་ལ་ཉ་སོགས་ཆུ་ཐོན་དངོས་རྫས་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་ཤ་དང་སྒོ་ང་། འོ་མ། དེ་མིན་སྲོག་ཆགས་ཀྱི་ནང་ཁྲོལ་རིགས་ཀྱི་ཟས་རིགས་བཅས་ཡོད། སྲོག་ཆགས་རང་བཞིན་གྱི་ཟས་རིགས་ལ་སྤྲི་དཀར་རྫས་ལེགས་པོ་འདུས་ཡོད་པར་མ་ཟད། མིའི་ལུས་ཕུང་གིས་དེའི་ནང་དུ་འདུས་པའི་འཚོ་བཅུད་བསྡུ་ལེན་དང་བེད་སྤྱོད་བྱེད་ཚད་མཐོ་བས། ཤ་གྲིམ་ཉམས་ཆག་འབྱུང་བ་སྔོན་འགོག་བྱེད་ཐུབ།

གཞན་ཡང་ཉིན་རེར་ཟས་ཐུན་གསུམ་པོ་ཚང་མར་སྲོག་ཆགས་རང་བཞིན་གྱི་ཟས་རིགས་འཛོམས་དགོས་དེ། དཔེར་ན་ཞོགས་ཟས་ལ་སྒོ་ང་དང་འོ་མ་སོགས་བསྟེན་ཆོག་ཅིང་།  གུང་ཟས་དང་ནུབ་ཟས་ལ་ནོར་ལུག་གི་ཤ་དང་བྱ་ཤ ཉ་ཤ། སྒོ་ང་སོགས་ཀྱང་ཟོས་ཆོག ཟ་ཐེངས་གཅིག་ལ་སྤྲི་དཀར་རྫས་མང་པོ་ཟོས་ན་མི་འཚམ། སྤྲི་དཀར་གྱི་ཚད་ནི་ཉིན་རེར་ཆ་སྙོམས་ཀྱིས་ཁེ120~150བར་ཟིན་དགོས་པ་མ་ཟད། ཕག་ཤ་དང་ལུག་ཤ སྐམ་ཤ བྱ་ཤ། ཉ་ཤ་སོགས་ཤའི་རིགས་དང་། སྒོ་ངའི་རིགས་གང་ནུས་ཅི་ཐུབ་ཀྱིས་བརྗེ་ནས་བཟའ་དགོས།

རིགས་མི་འདྲ་བའི་འོ་མའི་ཐོན་རྫས་བསྡུ་ལེན་བྱེད་པ། རྒན་པ་མང་པོ་ཞིག་ལ་འོ་མ་དང་འོ་རྗས་ཟས་རིགས་བཟའ་བའི་གོམས་གཤིས་མེད་པ་རེད། ཡིན་ནའང་འོ་མའི་རིགས་ནི་འཚོ་བཅུད་ཕུན་སུམ་ཚོགས་པ་དང་འཇུ་སླ་བའི་བཟའ་བཅའ་ཆེས་ལེགས་ཤོས་ཡིན།

ཞིབ་འཇུག་གི་མཇུག་འབྲས་ལས་འོ་མའི་ནང་གི་འོ་མའི་སྤྲི་དཀར་གྱིས་ཤ་གྲིམ་འདྲེས་གྲུབ་ལ་སྐུལ་འདེད་དང་ཤ་གྲིམ་ཉམས་ཆག་སྔོན་འགོག་བྱེད་པར་ཕན་པ་ཆེན་པོ་ཡོད་པ་རེད། མིའི་ལུས་ཁམས་སུ་འོ་མའི་ནང་གི་ཀལ་བསྡུ་ལེན་དང་བེད་སྤྱོད་པའི་ཚད་ཧ་ཅང་མཐོ་བས། རྒན་པ་རྣམས་ཀྱིས་རང་ཉིད་ཀྱི་ལུས་ཕུང་གི་གནས་ཚུལ་དང་འཚམ་པའི་འོ་ཟས་ཏེ། དཔེར་ན། ཞོ་དང་འོ་མ། ཕྱུར་བའམ་རྒན་པའི་འོ་ཕྱེ་སོགས་བདམས་ནས་དུས་རྒྱུན་བཀོལ་སྤྱོད་བྱེད་དགོས་པ་ཡིན། ཕྱུར་བའི་ནང་གི་སྤྲི་དཀར་རྫས་དང་། སྣུམ་ཞག ཀལ་རྒྱུ། འཚོ་རྒྱུ་བེ་ཧྲིན་སུའུAབཅས་ཀྱི་འདུས་ཚད་ནི་འོ་མ་གསར་པའི་ལྡབ་བདུན་ནས་བརྒྱད་ཙམ་ཡིན་པས། ཡི་ག་ཅུང་ཆུང་བའི་རྒན་པར་འཚམ་པ་ཡིན། ཉིན་རེར་འོ་མ་ཧའོ་ཧྲིན300ནས400བར་དང་། ཡང་ན་སྤྲི་དཀར་རྫས་ཀྱི་འདུས་ཚད་དང་མཚུངས་པའི་འོ་ཟས་བཟའ་དགོས། འོ་མའི་མངར་ཆ་མི་བཟོད་པའི་རྒན་པ་རྣམས་ཀྱིས་འོ་མའི་མངར་ཆ་དམའ་བའི་འོ་མའམ་ཞོ་འཐུང་དགོས།

རྒྱུན་པར་སྲན་ཟས་བཟའ་དགོས། སྲན་ཆེན་རིགས་ཀྱི་བཟའ་བཅའ་རྒྱུ་ཆ་བྱས་ཏེ་བསྙལ་བའི་ཟས་རིགས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་དེ། དཔེར་ན། སྲན་ཁུ་དང་སྲན་ཕྱུར། སྲན་ཐུད་སྐམ་པོ། སྲན་ལྤགས། སྲན་ཞོ་སོགས་ལྟ་བུར་འཚོ་བཅུད་ཕུན་སུམ་ཚོགས་པོ་ཡོད་པར་མ་ཟད། ཁར་འཇམ་ཞིང་སྙི་མོ་ཡིན་པས། རྒན་པ་རྣམས་ཀྱིས་བཟའ་བར་ཧ་ཅང་འཚམ། རྒན་པ་རྣམས་ཀྱིས་ལུགས་མཐུན་སྒོས་སྡེབ་སྦྱོར་བྱས་ཏེ། ཉིན་རྒྱུན་སྲན་རྫས་ཟས་རིགས་མང་པོ་ཟོས་ན་བཟང་།

གསུམ། འོས་འཚམ་གྱིས་དབྱང་འགྱུར་འགོག་པའི་འཚོ་བཅུད་ཁ་གསབ་བྱེད་པ།

ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན། ངེས་པར་དུ་ཚིལ་སྐྱུར་དང་། འཚོ་རྒྱུ་བེ་ཧྲིན་སུའུDདངC། Eབཅས་ཀྱི་ལ་སེར་གྱི་རྒྱུ་སོགས་དབྱང་འགྱུར་རྒྱུ་འགོག་པའི་འཚོ་བཅུད་ཚང་མར་ཤ་གྲིམ་ཉམས་ཆག་འབྱུང་བ་སྔོན་འགོག་བྱེད་པའི་ནུས་པ་ལྡན་ཟེར། དེར་བརྟེན་ཚིལ་སྐྱུར་དང་། འཚོ་བཅུད་བེ་ཧྲིན་སུའུDའདུས་པའི་མཚོ་ཐོན་ཟས་རིགས་དང་སྒོང་སེར་བཅས་མང་ཙམ་ཟ་དགོས་པ་མ་ཟད། ད་དུང་སྲོག་ཆགས་ཀྱི་མཆིན་པའང་འོས་འཚམ་གྱིས་ཟ་དགོས། ཉིན་རྒྱུན་དུ་ཉི་འོད་འོག་འགུལ་སྐྱོད་བྱས་ན་དྭངས་ཁྲག་ནང་གི་འཚོ་རྒྱུ་བེ་ཧྲིན་སུའུDཡི་ཚད་ཇེ་མཐོར་གཏོང་ཐུབ། རྒན་པ་རྣམས་ཀྱིས་མདོག་ཅུང་སྨུག་ཅིང་ནག་པའི་སྔོ་ཚོད་དང་སིལ་ཏོག དེ་མིན་སྲན་མའི་རིགས་སོགས་དབྱང་འགྱུར་འགོག་པའི་བཅུད་ལྡན་ཟས་རིགས་མང་པོ་བཟའ་བར་རེ་སྐུལ་བྱ་དགོས། གཞན་ཡང་རྒན་པ་ཚོས་སྨན་པའམ་འཚོ་བཅུད་མཁས་པའི་མཛུབ་ཁྲིད་འོག ལུགས་མཐུན་སྒོས་འཚོ་རྒྱུ་བེ་ཧྲིན་སུའུDདང་ཚད་ཉུང་བཅུད་རྩི་སྣ་མང་ལྡན་པའི་ཟས་རིགས་ཁ་གསབ་བྱེད་དགོས།

བཞི། ཧུར་བརྩོན་སྒོས་འགུལ་སྐྱོད་བྱེད་དགོས།

ཚེ་སྲོག་ནི་འགུལ་སྐྱོད་ཁྲོད་དུ་གནས་ཤིང་། འགུལ་སྐྱོད་མང་ཙམ་བྱས་ན་ད་གཟོད་ལུས་ཕུང་བདེ་ཐང་ཡོང་བར་ཕན། རྒན་པ་ཚོས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་རང་འགུལ་དང་ཧུར་བརྩོན་གྱིས་ལུས་ཕུང་སྦྱོང་བརྡར་བྱེད་དགོས། རྒན་པའི་ཤ་གྲིམ་གྱི་སྤུས་ཀ་ཇེ་ཞན་དང་། ལུས་པོའི་འདེགས་སྐྱོར་དང་དོ་མཉམ་ནུས་པ། བརྟན་འཇགས་རང་བཞིན་བཅས་ཇེ་ཞན་དུ་འགྲོ་བཞིན་ཡོད་པས། སྦྱོང་བརྡར་བྱེད་ཐབས་དང་འགུལ་སྐྱོད་བྱེད་ཚད་བཀོད་སྒྲིག་བྱེད་སྐབས། རང་ཉིད་ཀྱི་ལུས་ཕུང་གི་གནས་ཚུལ་ལ་གཞིགས་ནས་ལུས་རྩལ་གྱི་ཤུགས་ཚད་དང་དུས་ཚོད་གཏན་འཁེལ་བྱེད་དགོས། དུས་མཚུངས་སུ་རང་ཉིད་ཀྱི་དགའ་ཕྱོགས་ལྟར་འོས་འཚམས་ཀྱི་འགུལ་སྐྱོད་བྱེད་སྟངས་བདམས་ཏེ། གང་ནུས་ཀྱིས་ལུས་པོ་ཡོངས་ལ་སྦྱོང་བརྡར་ཐོབ་ཏུ་འཇུག་དགོས། དེ་མིན་རྒན་པ་རྣམས་ད་དུང་འཆམ་འཆམ་དུ་འགྲོ་བ་དང་ཡང་ན་མགྱོགས་པོར་འགྲོ་བ། ཐའེ་ཅི་དྲག་རྩལ་སོགས་སྟངས་སྟབས་དལ་ཞིང་ལྷོད་པའི་འགུལ་སྐྱོད་བྱེད་ཐབས་མང་པོ་གདམ་དགོས།

ལྔ། དུས་ཐོག་ཏུ་རང་ཉིད་ཀྱི་ལུས་ཕུང་ལ་འཚོ་བཅུད་འདང་མིན་ཐད་ཚད་ལེན་ལྟ་ཞིབ་བྱེད་དགོས།

རྒན་པ་རྣམས་ཀྱིས་རང་ཉིད་ཀྱི་བཟའ་བཏུང་ལ་དོ་སྣང་བྱེད་དགོས་པར་མ་ཟད། དུས་བཅད་ལྟར་རང་ཉིད་ཀྱི་ལུས་ཕུང་ལ་འཚོ་བཅུད་འདང་མིན་ཐད་ཚད་ལེན་ལྟ་ཞིབ་དང་ལུས་པོའི་ལྗིད་ཚད་འཇལ་དགོས། གལ་ཏེ་ལུས་པོའི་ལྗིད་ཚད་ལ་དུས་ཡུན་ཐུང་ངུའི་ནང་དུ་འགྱུར་ལྡོག་ཅུང་ཆེན་པོ་བྱུང་ན། དུས་ཐོག་ཏུ་རྒྱུ་རྐྱེན་བཙལ་ནས་སྙོམས་སྒྲིག་བྱེད་དགོས།

དལ་བའི་རང་བཞིན་གྱི་ནད་རིགས་མང་པོ་བྱུང་ཡོད་པ་དང་ལུས་སྟོབས་མངོན་གསལ་སྒོས་ཇེ་ཞན་དུ་གྱུར་བའི་རྒན་པར་མཚོན་ན་ཆེད་ལས་ཀྱི་འཚོ་བཅུད་མི་ལེགས་པའི་ཉེན་ཁའི་དཔྱད་ཞིབ་དང་ལེན་བྱེད་དགོས་པ་དང་། གསོ་རིག་ཕྱོགས་ཀྱི་འཚོ་བཅུད་ཆེད་ལས་མི་སྣའི་མཛུབ་ཁྲིད་དང་ལེན་བྱས་ནས། ཚན་རིག་དང་མཐུན་པས་བཟའ་བཏུང་བསྟེན་ཚུལ་ལ་དོ་སྣང་བྱས་ནས་འཚོ་བཅུད་ཀྱིས་འདང་བར་བྱེད་དགོས།

ཉིན་རེའི་ཟས་ཐུན་གསུམ་པོ་ནི་རྒན་པ་རྣམས་ཀྱི་བདེ་ཐང་གི་གཞི་རྩ་ཡིན་ཞིང་། རྒན་པ་ཚོའི་བདེ་ཐང་གི་གནད་དོན་མང་པོ་ཞིག་ཟས་སྤྱོད་ལ་བརྟེན་ནས་སྔོན་འགོག་དང་ལེགས་བཅོས་བྱེད་ཐུབ། དེ་བས་རྒན་པ་རྣམས་ཀྱིས་བཟའ་བཏུང་ལེགས་པར་བསྟེན་ནས་རྒས་ཁ་སྲ་བར་བྱེད་པ་དང་། བདེ་ཐང་དང་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བ་སྐྱིད་པོ་ཞིག་རོལ་དགོས། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།