མངལ་ཆགས་དུས་ཀྱི་རིམ་གསུམ་སྔོན་འགོག་བྱ་བ་ལེགས་པོར་སྒྲུབ་སྟེ། དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེ་བར་སྔོན་འགོག་བྱེད་དགོས། ཁག་དང་པོ།
2022.10.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 24

རང་རྒྱལ་གྱི་སྨན་བཅོས་ལག་རྩལ་གོང་དུ་འཕེལ་བ་དང་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ལེགས་བཅོས་བྱུང་བ་དང་བསྟུན་ནས། འགོ་ནད་རང་བཞིན་གྱི་ནད་ཡམས་རིམ་བཞིན་ཚོད་འཛིན་བྱས་ཡོད་ནའང་། རྒྱུད་འཛིན་རང་བཞིན་གྱི་ནད་དང་ལྷན་སྐྱེས་རང་བཞིན་གྱི་ནད་འབྱུང་ཚད་དང་ཤི་ཚད་ལོ་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་པས། མིའི་རིགས་ཀྱི་བདེ་ཐང་ལ་འཇིགས་སྣང་སྐུལ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔར་འཛམ་གླིང་ཡོངས་སུ་ལོ་རེར་དབང་བོ་སྐྱོན་ཅན་གྱི་བྱིས་པ་ས་ཡ་ལྔ་ལྷག་སྐྱེ་བཞིན་ཡོད་ཅིང་། དེ་ལས་དར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆའི་གྱ་ལྔ་ཙམ་ཟིན་ཡོད། རང་རྒྱལ་ནི་འཛམ་གླིང་སྟེང་དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེས་ཚད་མང་བའི་རྒྱལ་ཁབ་ནང་གི་གཅིག་ཡིན་པ་དང་། རང་རྒྱལ་དུ་ལོ་རེར་སྐྱེ་བཞིན་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པས་ཧ་ལམ་འཛམ་གླིང་ཡོངས་ཀྱི་དབང་བོ་སྐྱོན་ཅན་བྱིས་པའི་བརྒྱ་ཆའི་ཉི་ཤུ་ཙམ་ཟིན་ཡོད། ཉེ་ཆར་སྨྱན་བྱད་ལས་བསྒྲགས་པ་ལྟར་ན། རང་རྒྱལ་དུ་ལོ་རེར་སྐྱེས་པའི་བྱིས་པ་རློན་ནུ་ལས་ས་ཡ་གཅིག་དང་འབུམ་གཉིས་ཙམ་ལ་ལུས་སྐྱོན་ཡོད་པ་རེད་ཟེར། ཡང་གཅིག་བཤད་ན། ཆ་སྙོམས་དུས་ཚོད་སྐར་ཆ་སུམ་ཅུ་རེར་དབང་བོ་སྐྱོན་ཅན་གྱི་བྱིས་པ་གཅིག་རེ་སྐྱེས་བཞིན་ཡོད། འདི་ལས་ཁྱིམ་ཚང་ཞིག་ལ་མཚོན་ན། དེའི་རྐྱེན་གྱིས་དཔལ་འབྱོར་གྱི་ཐད་དང་སེམས་ཁམས་ཀྱི་ཐད་ནས་སྡུག་བསྔལ་མྱོང་བཞིན་པ་བཤད་མ་དགོས་པ་ཞིག་རེད། རྒྱལ་ཁབ་ཀྱིས་གནད་དོན་དེ་སྔོན་འགོག་བྱེད་ཆེད། 2006ལོ་ནས་བཟུང་། ལོ་རེའི་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ནི“དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེ་བ་སྔོན་འགོག་བྱེད་པའི་ཉིན་མོ”རུ་གཏན་འཁེལ་བྱས་ཡོད་པ་རེད།

གཅིག  དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེ་བའི་རྒྱུ་རྐྱེན།

དབང་བོ་སྐྱོན་ཅན་གྱི་བྱིས་པར་རྒྱུན་ལྡན་མིན་པའི་སྐྱེས་ཐོབ་ཅན་ཡང་ཟེར། དེ་ནི་སྦྲུམ་བུ་དེ་ཨ་མའི་མངལ་དུ་འཚར་སྐྱེ་རྙོག་འཛིང་བྱུང་བ་ལས་བསླངས་པའི་གཟུགས་གཞི་དང་གྲུབ་ཚུལ། བྱེད་ནུས། རྙིང་ཚབ་གསར་འབྱེད། སེམས་ཁམས། སྤྱོད་སྟངས་སོགས་ཕྱོགས་ཀྱི་རྒྱུན་ལྡན་མིན་པ་དག་ལ་བསྟན་པ་ཡིན་ཞིང་། དེའི་ནང་དུ་རྒྱུན་ལྡན་མིན་པའི་ཚོས་ཕྲ་གྲུབ་རྫས་འདུས་ལ། རྒྱུན་ལྡན་མིན་པའི་གཞི་རྐྱེན(གཞི་རྐྱེན་རྐྱང་བ་དང་གཞི་རྐྱེན་མང་པོ)ཡང་འདུས་པ་དང་། ད་དུང་རྒྱུད་འཛིན་རང་བཞིན་གྱི་དབང་བོ་སྐྱོན་ཅན་འདུས་ལ། ཁོར་ཡུག་གི་རྒྱུ་རྐྱེན་གྱིས་བྱུང་བའི་ཡ་མ་གཟུགས་སོགས་འདུས་པ་རེད། རྒྱུན་ལྡན་མིན་པ་ལ་ལ་ཤིན་ཏུ་ཡང་བས་ལུས་ཁམས་ལ་ཤུགས་རྐྱེན་ཆེན་པོ་མེད་ལ། ལ་ལ་ཤིག་ཤིན་ཏུ་ཚབས་ཆེ་བས་འཆི་བར་འགྱུར་བ་དང་ཚེ་གང་བོར་དབང་བོ་སྐྱོན་ཅན་དུ་འགྱུར་སྲིད་པ་རེད། ལུས་སྐྱོན་ཅན་འགའ་ཤས་ཤིག་སྐྱེས་མ་ཐག་པའི་བྱིས་པ་རློན་ནུའི་སྐབས་སུ་ཤེས་ཐུབ་པ་དང་། ལ་ལ་སྐྱེས་ནས་དུས་ཡུན་ངེས་ཅན་ཞིག་འགོར་བ་ན་ད་གཟོད་ཤེས་ཐུབ་པ་རེད། དཔེར་ན་བློ་རིག་པ་མི་གསལ་བ་ལྟ་བུ། ལུས་སྐྱོན་ཅན་ལ་ལ་ཤིན་ཏུ་མངོན་གསལ་ཡིན་པས་མིག་གིས་བལྟས་པ་ཙམ་གྱིས་ཤེས་ཐུབ་ཅིང་། ལ་ལ་ཤིག་དམིགས་བསལ་གྱི་ལག་རྩལ་ལ་བརྟེན་ན་ད་གཟོད་ངོས་ཟིན་ཐུབ་པ་རེད། དཔེར་ན་ལྷན་སྐྱེས་རང་བཞིན་གྱི་རྙིང་ཚབ་གསར་འབྱེད་ག་གེ་མོ་ལྟ་བུ་རེད། ཆེས་རྒྱུན་མཐོང་གི་ལུས་སྐྱོན་ཅན་ནི་ལུས་ཁམས་ཀྱི་ཆ་ཤས་སུ་མ་གཏོགས་ཤུགས་རྐྱེན་མི་ཐེབས་པ་དང་། དེ་ལ་གཅིག་རྐྱང་རང་བཞིན་གྱི་ལུས་སྐྱོན་ཟེར། ལ་ལའི་ལུས་ཁམས་ཀྱི་ཁག་མང་པོར་ཤུགས་རྐྱེན་ཐེབས་ཡོད་ཅིང་། དེ་ལ་ཕྱོགས་བསྡུས་རང་བཞིན་གྱི་ལུས་སྐྱོན་ཟེར།

བྱིས་པ་ལུས་སྐྱོན་ཅན་འབྱུང་བའི་རྒྱུ་རྐྱེན་ལ་རིགས་བཞི་ཡོད་དེ།

1.ཡ་མ་གཟུགས་ཀྱི་ལུས་སྐྱོན་ཅན། དེ་ནི་སྦྲུམ་བུ་འཚར་སྐྱེ་འབྱུང་བའི་དུས་སྔ་མོར་རྒྱུ་རྐྱེུན་གང་རུང་གི་དབང་གིས། སྦྲུམ་བུའི་འཚར་སྐྱེ་རྒྱུན་ལྡན་མིན་པར་གྱུར་བ་རེད། རིགས་འདིའི་ལུས་སྐྱོན་ནི་ནད་ཐོག་ཏུ་ཆེས་རྒྱུན་མཐོང་ཡིན་ལ་ཆེས་ཚབས་ཆེ་བའི་ལུས་སྐྱོན་ཡང་ཡིན།

2.གས་འགྱུར་ལུས་སྐྱོན། ཁུ་བ་དང་ཁམས་དམར་མཉམ་དུ་འདྲེས་རྗེས་ཀྱི་འཚར་སྐྱེ་བརྒྱུད་རིམ་ཁྲོད་དུ་རྒྱུ་རྐྱེན་གང་རུང་གི་དབང་གིས་སྦྲུམ་བུའི་རྒྱུན་ལྡན་གྱི་ཕུང་གྲུབ་ལ་གནོད་སྐྱོན་ཐེབས་པ་ལས་བྱུང་བའི་ལུས་སྐྱོན།

3.འཚར་སྐྱེ་མི་ལེགས་པ། མངལ་གནས་སྦྲུམ་བུ་འཚར་སྐྱེ་འབྱུང་བའི་བརྒྱུད་རིམ་ཁྲོད་རྒྱུ་རྐྱེན་གང་རུང་གིས་ལུས་ཁམས་ཀྱི་ཆ་ཤས་ཤིག་གམ་ཕུང་གྲུབ་ཅིག་གི་འཚར་སྐྱེ་མ་ལེགས་པ་ལས་བྱུང་བའི་ལུས་སྐྱོན།

4.གཟུགས་འགྱུར་ལུས་སྐྱོན། རྒྱུན་ལྡན་མིན་པའི་གནོན་ཤུགས་ཀྱི་གནོད་པ་དེ་མངལ་གནས་སྦྲུམ་བུའི་ལུས་ཁམས་ཀྱི་ཁག་ཅིག་ལ་ཐེབས་ནས། མངལ་གནས་སྦྲུམ་བུའི་ལུས་ཁམས་ལ་གཟུགས་འགྱུར་བྱུང་བའི་ཡ་མ་གཟུགས་ཅན་བཅས་འདུས་ཡོད།

གཉིས། མཐོ་སྒང་ས་ཁུལ་དུ་དབང་བོ་སྐྱོན་ཅན་འབྱུང་བའི་རྒྱུ་རྐྱེན།

དབང་བོ་སྐྱོན་ཅན་འབྱུང་བ་དེ་རྒྱུད་འཛིན་དང་ཁོར་ཡུག ལྷག་པར་དུ་སྦྲུམ་མའི་འཚོ་བཅུད་ཀྱི་གནས་ཚུལ་དང་འབྲེལ་བ་དམ་པོ་ཡོད་པའི་ནད་རིགས་ཤིག་རེད། དེའི་ནང་དུ་རྒྱུད་འཛིན་ལས་བསྐྱེད་པའི་ལུས་སྐྱོན་གྱིས་བརྒྱ་ཆའི་ཉེར་ལྔ་ཟིན་པ་དང་། ཁོར་ཡུག་གི་རྒྱུ་རྐྱེན་གྱིས་བརྒྱ་ཆའི་བཅུ་ཟིན་ཅིང་། རྒྱུད་འཛིན་དང་ཁོར་ཡུག་གི་རྒྱུ་རྐྱེན་མཉམ་དུ་འདུས་པས་བརྒྱ་ཆའི་རེ་ལྔ་ཟིན། དེ་ལས་དབང་བོ་སྐྱོན་ཅན་མང་ཤོས་ནི་རྒྱུད་འཛིན་དང་ཁོར་ཡུག་གི་རྒྱུ་རྐྱེན་གཉིས་མཉམ་དུ་འདུས་པ་ལས་བསྐྱེད་པའི་མཇུག་འབྲས་ཡིན་པ་ཤེས་ཐུབ།

མཚོ་བོད་མཐོ་སྒང་གི་གནམ་གཤིས་འཁྱག་ནའང་། ས་རྒྱ་ཡངས་ཤིང་ཆེ་ལ། རྩ་ཆུ་འཛོམས་པས་ཕྱུགས་ལས་གཉེར་བར་ཤིན་ཏུ་འཚམ་པའི་རྐྱེན་གྱིས། མཐོ་སྒང་པ་དང་ལྷག་པར་དུ་བོད་རིགས་འབྲོག་པའི་ཁ་ཟས་གཙོ་བོ་ཞོ་དང་འོ་མ་ཤ་བཅས་ཡིན་པ་དང་། སྔོ་ཚོད་དང་སིལ་ཏོག་རིགས་ཟ་ཚད་ལྟོས་བཅས་ཀྱིས་ཅུང་ཉུང་བ་རེད། དེ་ལས་གཞན་ལེགས་སྐྱེ་ལེགས་གསོ་སོགས་བདེ་ཐང་ཤེས་བྱའི་འདུ་ཤེས་ཞན་པས། རང་ཞིང་དུ་དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེ་ཚད་ཅུང་མང་བ་རེད། དེའི་རྒྱུ་རྐྱེན་གཙོ་བོ་གཤམ་གསལ་ལྟར།

1.རྒྱུད་འཛིན་གྱི་རྒྱུ་རྐྱེན། རྒྱུད་འཛིན་གྱི་ནད་ནི་མི་རབས་རྗེས་མའི་བདེ་ཐང་ལ་གནོད་པའི་ནད་རིགས་ཤིག་ཡིན་པ་དང་། དེ་ནི་མིའི་རྒྱུད་འཛིན་གྱིུ་དངོས་པོར་འགྱུར་ལྡོག་བྱུང་བ་དང་། དེའི་ནང་དུ་གཞི་རྒྱུ་གློ་བུར་དུ་འགྱུར་ལྡོག་བྱུང་བ་དང་ཚོས་བྱེད་རྫས་ཕྲའི་གྲངས་ཀ་དང་གྲུབ་ཚུལ་རྒྱུན་ལྡན་མིན་པ་བཅས་འདུས་པའི་རྐྱེན་གྱིས་བྱུང་བའི་ནད་རིགས་ཤིག་རེད། དེ་ལས་ཆེས་རྒྱུན་མཐོང་གི་ནད་ནི་ལྷན་སྐྱེས་རང་བཞིན་གྱི་གླེན་ནད་རེད།

2.ཁོར་ཡུག་གི་རྒྱུ་རྐྱེན། དེའི་ནང་དུ་སྐྱེ་དངོས་དང་དངོས་ལུགས། རྫས་འགྱུར། སྨན་རྫས། རྙིང་ཚབ་གསར་འབྱེད། འཚོ་བཅུད་ཀྱི་རྒྱུ་རྐྱེན་སོགས་འདུས་ཡོད།

དེ་ལས་སྐྱེ་དངོས་ཀྱི་རྒྱུ་རྐྱེན་ནི་ལུས་སྐྱོན་ཅན་འབྱུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་དང་། ལྷག་པར་དུ་བུད་མེད་ལ་མངལ་ཆགས་པའི་སྐབས་སུ་བུ་སྐྱེ་ཚན་ཁག་ནས་བརྟག་དཔྱད་བྱེད་སྐབས། ནད་དུག་གང་རུང་བུ་རོགས་དང་ཡང་ན་བུ་སྣོད་ཀྱི་ཁ་སྦུབས་བརྒྱུད་དེ་མངལ་གནས་སྦྲུམ་བུར་འགོས་ཏེ། མངལ་ཤོར་བ་དང་མངལ་དུ་འཆི་བ། ཟླ་མ་ལོངས་པར་སྐྱེ་བ། ལྷན་སྐྱེས་རང་བཞིན་གྱི་ཡ་མ་གཟུགས། ཡང་ན་རིག་པ་མི་གསལ་བ་སོགས་རིགས་མི་འདྲ་བའི་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་བ་ནི། བྱིས་པ་ལུས་སྐྱོན་ཅན་སྐྱེ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པས། ཡོངས་ཁྱབ་ཏུ་དོ་སྣང་བྱེད་དགོས།

རྫས་འགྱུར་གྱི་རྒྱུ་རྐྱེན་ནི་འབུ་གསོད་སྨན་དང་ཞིང་སྨན། དེ་མིན་ཞ་དང་ཁིལ། དངུལ་ཆུ། ཧ་ཡང་སོགས་ལྗིད་པའི་ལྕགས་རིགས་སོགས་ལ་རེག་ཐུག་དང་ལག་ལེན་བྱས་བ་ལས་བྱུང་བ་རེད།

དངོས་ལུགས་ཀྱི་རྒྱུ་རྐྱེན་ནི་ཉིན་རྒྱུན་གྱི་འཚོ་བ་དང་ཐོན་སྐྱེད་ངལ་རྩོལ་ཁྲོད་དུ་གནས་པའི་གཤམ་གཤིས་ཀྱི་ཆ་རྐྱེན་དང་འགྱེད་འཕྲོ། རྣ་བར་གཟན་པའི་འཛེར་སྒྲ་སོགས་ལ་བསྟན་པ་རེད། ཚད་ལྡན་ཡིག་ཆ་ལས་བདེན་དཔང་བྱས་པ་ལྟར་ན། མཐོ་སྒང་དུ་གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་པ་ནི་བྱིས་པ་ཡ་མ་གཟུགས་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་ཟེར། མཐོ་སྒང་གི་དབྱང་དབུགས་དཀོན་པའི་ས་ཁུལ་དུ་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཡོད་པའི་བྱིས་པ་སྐྱེ་ཚད་ཅུང་མཐོ་བ་རེད།

སྨན་རྫས་ཀྱི་རྒྱུ་རྐྱེན་གྱིས་ཀྱང་བྱིས་པ་ལུས་སྐྱོན་ཅན་སྐྱེ་སྲིད། དཔེར་ན་འབྲས་སྐྲན་འགོག་སྨན་མང་ཤོས་ལ་དུག་ཡོད་པས་ཉུང་ཙམ་འཐུང་ནའང་སྦྲུམ་རྟེན་ལ་གནོད་པ་ཅུང་ཆེན་པོ་ཡོད་པ་རེད། དུག་སྲིན་འགོག་སྨན་གྱི་རིགས་ཏེ་དཔེར་ན་ལེན་མེ་སུའུ(链霉素)དང(卡那霉素)ཁ་ན་མེ་སུའུ། དེ་མིན་འདུས་འདྲིལ་གཅོང་ནད་འགོག་སྨན་དང་སྐུལ་རྒྱུའི་རིགས། འགོག་ཤུགས་ཆུང་བའི་རིམས་འགོག་སྨན་ཁབ་མང་ཤོས་ཤིག་མངལ་ཆགས་པའི་དུས་མགོར་བསྟེན་ན་སྦྲུམ་བུ་ཡ་མ་གཟུགས་སུ་འགྱུར་བའི་ཉེན་ཁ་ཆེ།

འཚོ་བཅུད་ཀྱི་རྒྱུ་རྐྱེན་དེའང་མངལ་གནས་སྦྲུམ་བུ་འཚར་སྐྱེ་འབྱུང་བར་གལ་འགངས་ཤིན་ཏུ་ཆེ། མངལ་མ་ཆགས་གོང་འཚོ་བཅུད་ཀྱིས་ཁམས་དམར་ཕྲ་ཕུང་གི་འཚར་སྐྱེ་ལ་ཤུགས་རྐྱེན་ཐེབས་པ་དང་། མངལ་ཆགས་པའི་དུས་མགོ་དང་ལྷག་པར་དུ་མངལ་ཆགས་ནས་གཟའ་འཁོར་གསུམ་ནས་བརྒྱད་ནི་མངལ་གནས་སྦྲུམ་བུའི་ཁ་མིག་སོགས་དབང་བོ་ཚང་མ་འགྲུབ་པའི་གནད་འགག་གི་དུས་སྐབས་ཡིན་པ་དང་། སྦྲུམ་བུའི་དབང་རྩའི་སྦུ་གུ་དེ་མངལ་ཆགས་ནས་གཟའ་འཁོར་བཞི་ནས་དྲུག་གི་བར་འཚར་སྐྱེ་འབྱུང་བ་ཡིན། ང་ཚོ་མཐོ་སྒང་གི་མི་དང་ལྷག་པར་དུ་འབྲོག་པ་རྣམས་ལ་མཚོན་ན། ཟས་རིགས་གཙོ་བོ་ནི་ཤ་དང་མར་སོགས་སྣུམ་ཞག་ཆེ་བའི་ཟས་རིགས་ཡིན་པ་དང་། སྔོ་ཚོད་དང་སིལ་ཏོག་ཟ་ཚད་ལྟོས་བཅས་ཀྱིས་ཅུང་ཉུང་བ་རེད། ནམ་ཟླ་གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་པའི་ཁོར་ཡུག་ཏུ། སྦྲུམ་མའི་རྙིང་ཚབ་གསར་འབྱེད་བྱེད་ཚད་མཐོ་བ་དང་། འཚོ་བཅུད་རིགས་སྣ་ཚོགས་ལུས་སྟེང་དུ་མཁོ་ཚད་དང་བསྡུ་ལེན་བྱེད་ཚད་ཇེ་མང་དུ་འགྲོ་བ་རེད། སྦྲུམ་མར་འཚོད་བཅུད་ཀྱིས་མ་འདང་ན་མངལ་གནས་སྦྲུམ་བུ་ཡ་མ་གཟུགས་སུ་འགྱུར་བ་དང་། བྱིས་པ་རློན་ནུ་དང་བྱིས་པའི་ལུས་ཁམས་དང་རིག་སྟོབས་འཚར་སྐྱེ་ལ་ཤུགས་རྐྱེན་ཐེབས་སྲིད། དེར་བརྟེན་མངལ་མ་སྦྲུམ་གོང་དང་མངལ་སྦྲུམ་པའི་སྐབས། ནུ་མ་བསྣུན་དུས་བཅས་སུ་ཕྱོགས་ཡོངས་ནས་འཚོ་བཅུད་ཁ་གསབ་བྱེད་པར་དོ་སྣང་བྱས་ཏེ། མ་བུ་གཉིས་ཀའི་ལུས་ཁམས་བདེ་ཐང་ཡོང་བར་འཚོ་བཅུད་འདང་ངེས་པ་མཁོ་འདོན་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ།

3.གཞན་དག དཔེར་ན་དུ་བ་དང་ཆང་། ལེགས་སྐྱེ་ལེགས་གསོའི་འདུ་ཤེས་ཞན་པ་སོགས་རེད། སྦྲུམ་མས་དུ་བ་འཐེན་པ་དང་ཆང་འཐུང་བ་སོགས་བྱེད་མི་རུང་། ཆང་འཐུང་ན་མངལ་གནས་སྦྲུམ་བུའི་འཚར་སྐྱེ་དལ་བ་དང་ཡ་མ་གཟུགས་སོགས་སུ་འགྱུར་ཉེན་ཆེ་བ་དང་། དུ་བ་འཐེན་ན་མངལ་ཤོར་སླ་བ་དང་ཟླ་མ་ལོངས་པར་སྐྱེ་བ། ལྷན་སྐྱེས་རང་བཞིན་གྱི་སྙིང་ནད། བྱིས་པ་རློན་ནུའི་ལུས་ཀྱི་ལྗིད་ཚད་མི་འདང་བ་སོགས་འབྱུང་སྲིད། །

《མཐོ་སྒང་དང་ལུས་ཁམས་བདེ་ཐང》ཞེས་པའི་དུས་དེབ་ལས་བདམས། 

རྩོམ་སྒྲིག་པ། འབྲུག་མོ།