རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་བརྡ་ཁྱབ་བཏང་བ་ལྟར་ན། མིག་སྔར། རྒྱལ་ཡོངས་སུ་རིམས་ནད་གནས་ཚུལ་སྔར་བཞིན་ཁྱབ་ཡུལ་མང་ཞིང་གནས་ཁྱབ་རྒྱ་ཆེ་བའི་གནས་ཚུལ་མངོན་པ་དང་། རྒྱལ་ནང་དུ་ད་དུང་ཉེན་ཁ་ཆེ་འབྲིང་ས་ཁུལ་ཁག་ཅིག་གནས་ཡོད་པས། སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་ལྗིད་ཅིང་དཀའ་ཚེགས་ཆེ། འདི་ལྟ་བུའི་གནས་ཚུལ་གྱི་འོག་ཏུ།“འགུལ་རྣམ་གཙང་སེལ”སྔར་ལས་ཀྱང་རྒྱུན་མཐུད་བྱེད་དགོས་པར་མ་ཟད་ངེས་པར་དུ་རྒྱུན་འཁྱོངས་བྱས་ནས། མུ་མཐུད་དུ་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་དམ་འཛིན་བཟང་བོར་སྒྲུབ་དགོས།
རིམས་ནད་ནི་ཉམས་སད་ཆེན་པོ་ཞིག་རེད། རིམས་ནད་སྔོན་འགོག་བྱེད་ཐུབ་ཚེ་དཔལ་འབྱོར་གཞི་ནས་བརྟན་པོ་ཡོང་ཐུབ་པ་དང་། མི་དམངས་ཀྱི་འཚོ་བ་གཞི་ནས་བདེ་འཇགས་ཡོང་ཐུབ་པ། དཔལ་འབྱོར་དང་སྤྱི་ཚོགས་གཞི་ནས་བརྟན་འཇགས་སྒོས་འཕེལ་རྒྱས་ཡོང་ཐུབ། རང་རྒྱལ་ནི་མི་གྲངས་དུང་ཕྱུར་བཅུ་བཞི་ལྷག་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། དེའི་ཁར་ས་ཁུལ་གྱི་འཕེལ་རྒྱས་དོ་མི་མཉམ་ཞིང་། སྨན་བཅོས་ཐོན་ཁུངས་ཀྱི་སྤྱི་གྲངས་མི་འདང་བས། འགོག་སྲུང་ལྷོད་གཡེང་བྱས་ན་འགོ་སླ་བའི་མི་ཚོགས་ལ་ནད་འགོ་བའི་ཉེན་ཁ་ཇེ་ཆེར་འགྲོ་ངེས་པ་དང་། གལ་ཏེ་གཞི་ཁྱོན་ལྡན་པའི་ངང་རིམས་ནད་ཡང་བསྐྱར་བྱུང་ཚེ། རིམས་ནད་གང་སར་མཆེད་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གནོད་པ་ཚབས་ཆེན་བཟོ་ངེས་པས། མཐའ་མཇུག་གྱོང་གུན་སྔར་ལས་ཚབས་ཆེན་ཐེབས་སྲིད་པ་ངེས་པར་དུ་ཤེས་དགོས།
འགུལ་རྣམ་གཙང་སེལ་རྒྱུན་འཁྱོངས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བར་གྱི་འབྲེལ་བ་ཅུང་ལེགས་པའི་སྒོ་ནས་དོ་མཉམ་ཡོང་བར་བྱས་ཚེ། ང་ཚོས་གྱོང་གུད་ཆེས་ཆུང་བའི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་ཕན་འབྲས་ཆེས་ཆེན་པོ་ལེན་ཐུབ་པ་དང་། ཚད་ངེས་ཅན་ཞིག་གི་སྟེང་ནས་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བ་ཇེ་ཆུང་དུ་གཏོང་ཐུབ། ལག་ལེན་ལས་བལྟས་ན། འགུལ་རྣམ་གཙང་སེལ་རྒྱུན་འཁྱོངས་བྱས་པའི་རྐྱེན་གྱིས་ང་ཚོས་གཞི་ནས་ནད་འབྱུང་ཚད་དང་། འཆི་ཚད། སྨན་ཁང་དུ་སྡོད་ཚད་བཅས་དང་དེ་བཞིན་སྤྱི་ཚོགས་དང་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པ་བྱུང་བ་རེད། ཡང་གཅིག་བཤད་ན། ང་ཚོའི་རིམས་འགོག་བྱེད་ཐབས་ནི་ཆེས་གྲོན་ཆུང་དང་ཆེས་ཕན་འབྲས་ལྡན་པ་ཞིག་རེད། ལག་ལེན་ལས་རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་མ་གནས་དང་ཕན་འབྲས་ཀྱི་བསྡུར་ཚད་ཆེས་ལེགས་པ་དང་། འགུལ་རྣམ་གཙང་སེལ་ནི་ཕྱོགས་བསྡུས་སྤྱི་ཚོགས་ཀྱི་མ་གནས་ཆེས་དམའ་བའི་རིམས་ནད་འགོག་པའི་ཐབས་ཇུས་ཤིག་དང་ད་ལྟའི་དུས་མཚམས་སུ་རང་རྒྱལ་གྱིས་དུས་ཐོག་ཏུ་རིམས་ནད་ཚོད་འཛིན་བྱེད་པའི་ཆེས་ལེགས་པའི་བྱེད་ཐབས་ཤིག་རེད།
ཨའོ་སྨི་ཁི་རུང་གི་རིམས་ནད་མཆེད་ཤུགས་དེ་ཆམ་རིམས་དང་དེ་སྔོན་གྱི་པྲོག་གསར་གློ་ཚད་ནད་དུག་ལས་ཚབས་ཆེ་བས། ལོ་ལོན་དང་དལ་བའི་རང་བཞིན་གྱི་ནད་རིགས་ཡོད་པའི་མི་རྣམས་ལ་སྔར་བཞིན་གནོད་པ་ཅུང་ཆེ། རང་རྒྱལ་དུ་ལོ་དྲུག་ཅུའི་ཡན་གྱི་ལོ་ལོན་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་བདུན་ཙམ་ཡོད་པས། གལ་ཏེ་རིམས་ནད་མཆེད་ཚེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོ་ངེས་ཡིན་པས། དེ་ལས་བྱུང་བའི་སྤྱི་པའི་འཕྲོད་བསྟེན་གྱི་ཉེན་ཁར་ཚོད་དཔག་བྱེད་དཀའ་བ་ཞིག་རེད། འགུལ་རྣམ་གཙང་སེལ་རྒྱུན་འཁྱོངས་བྱ་རྒྱུ་དེ་ནི་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་ལག་ལེན་བྱས་པ་ཞིག་ཡིན་ལ། རང་རྒྱལ་གྱི་ཐོབ་དཀའ་བའི་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་གདམ་གསེས་ཡག་ཤོས་ཤིག་ཀྱང་རེད།
འགུལ་རྣམ་གཙང་སེལ་ནི་འགོས་ནད་ཡོངས་སུ་མེད་པར་བཟོ་བ་ཞིག་མིན་པར། གཅིག་བྱུང་ན་གཅིག་མེད་པར་བཟོ་བ་དང་། པྲོག་གསར་ནད་དུག་དེ་རིམས་ནད་བྱུང་སར་ཕན་ཚུན་མཆེད་དུ་མི་འཇུག་པ་མ་ཟད། ས་ཁོངས་གཞན་པར་ནད་དུག་མཆེད་པར་ཡང་སྔོན་འགོག་བྱེད་དགོས་པ་ཤེས་དགོས། དེ་ལས་ཕྱོགས་གཅིག་ནས་ང་ཚོས་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་ལྷོད་གཡེང་དུ་གཏོང་མི་རུང་བ་དང་། ཕྱོགས་གཞན་ཞིག་ནས་ང་ཚོས་ཚད་ལས་བརྒལ་བའི་རིམས་འགོག་ལ་ཡང་དོགས་ཟོན་བྱས་ནས། སྟབས་བདེ་དང་གཅིག་གཅོད། གཅིག་ཐོག་ཉིས་བརྩེགས་སོགས་ཀྱི་སྣང་ཚུལ་འབྱུང་བ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་མཚོན་ཡོད། འགུལ་རྣམ་གཙང་སེལ་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་དང་གནད་འཁེལ་སྔོན་འགོག་ཚོད་འཛིན་གྱི་ཆུ་ཚད་རྒྱུན་མི་ཆད་པར་ཇེ་མཐོར་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བརྒྱུད་རིམ་ཁྲོད། ས་ཁུལ་ས་ཤས་ཀྱིས་ཉིང་སྐྱུར་བཤེར་འཇལ་བྱེད་ཡུལ་ལེགས་སྒྲིག་བྱས་ནས་གློག་རྡུལ་ས་ཁྲ་བཙུགས་ཏེ་མང་ཚོགས་ལ་ཉིང་སྐྱུར་བཤེར་འབྲས་དང་ཉེ་འགྲམ་ནས་མ་དཔེ་འཚོལ་བསྡུ་བྱེད་བདེ་བར་བྱས་ཡོད། ས་གནས་ཁ་ཤས་ཀྱིས་འགོས་ཁུངས་བརྟག་དཔྱད་ཀྱི་མཇུག་འབྲས་ལ་གཞིགས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་ཁ་ཆེ་བའི་ས་ཁུལ་དང་ཉེན་ཁ་ཆེ་བའི་མི་ཚོགས་ལ་དོ་དམ་དང་ཚོད་འཛིན་བྱེད་ཀྱིན་ཡོད། ས་གནས་ལ་ལས་མང་ཚོགས་ཀྱི་དགོས་མཁོ་དང་དཀའ་ཁག་སེལ་བའི་ལས་སྟེགས་ཀྱི་ཆེད་དོན་འཛིན་གྲྭའི་བྱ་བའི་ལམ་སྲོལ་བཙུགས་ནས། དུས་ཐོག་ཏུ་མང་ཚོགས་ཀྱི་དགོས་མཁོ་ཐག་གཅོད་བྱེད་པ་སོགས་ས་གནས་སོ་སོའི་ལག་ལེན་གྱིས་ང་ཚོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་རང་བཞིན་དང་གནད་འཁེལ་རང་བཞིན་ཇེ་མཐོར་བཏང་བས། སྔོན་འགོག་ཚོད་འཛིན་གྱི་བྱ་བར་གཞི་ནས་དངོས་ཤུགས་ལྡན་པར་བྱས་པར་མ་ཟད་དེ་བས་ཕན་འབྲས་ཐོན་ངེས་པ་གསལ་བོར་བསྟན་ཡོད།
རིམས་ནད་ལ་འགོག་རྒོལ་བྱེད་པར་དངོས་ཤུགས་དང་སེམས་ཤུགས་གང་མང་འདོན་དགོས། དེང་སྐབས། འཛམ་གླིང་ཡོངས་སུ་རིམས་ནད་ཡང་དང་བསྐྱར་དུ་འབྱུང་བཞིན་ཡོད་ཅིང་། རང་རྒྱལ་དུ་ཕྱི་རྒྱལ་ནས་མཆེད་པའི་ནད་དུག་སྔོན་འགོག་བྱེད་པའི་གནོན་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད། “ཕྱི་ནས་ནང་དུ་མཆེད་པ་དང་ནང་ནས་ཡང་བསྐྱར་འབྱུང་བ་སྔོན་འགོག་བྱེད་པའི”སྤྱིའི་ཐབས་ཇུས་དང“འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་ལ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་རྒྱུན་འཁྱོངས་བྱས་ཏེ། ཡུལ་དུས་དང་གནས་བབ་ལ་བསྟུན་ནས་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་དང་བྱེད་ཐབས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་གཅིག་གྱུར་གྱིས་འཆར་འགོད་ནུས་ལྡན་བྱེད་པ་དེ་ནི། ཚན་རིག་དང་མཐུན་པའི་སྙིང་སྟོབས་རྒྱུན་འཛིན་དང་ཚན་རིག་དང་མཐུན་པའི་སྤྱོད་ཚུལ་གྱི་གཞི་རྩའི་བླང་བྱ་ཞིག་ཡིན་ལ། ཚན་རིག་དང་མཐུན་པའི་ཆོས་ཉིད་ལ་བརྩི་སྲུང་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་འགན་སྲུང་བྱེད་པའི་ལྡོག་མེད་ཀྱི་གདམ་གསེས་ཞིག་ཀྱང་རེད། །
ཡིག་སྒྱུར་བ། འབྲུག་མོ།