ད་ལྟའི་དུས་ལ། མི་རྣམས་ལ་འཚོ་བའི་ཁུར་ལྕི་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་མོད། གལ་ཏེ་ཁུར་ལྕི་མོ་དེ་སེམས་ནས་ཕོག་ཤེས་པ་ཞིག་ཡོང་ཚེ། སེམས་ཀྱི་སྡུག་བསྔལ་བསང་བར་ཕན་པར་མ་ཟད། ནད་གཞི་སྣ་མང་ཞིག་གི་རྒྱུ་དང་འབྱུང་རྐྱེན་སེལ་བར་ཡང་ཕན་པ་ཆེ། དེས་ན་འདིར་དེ་འདྲའི་སེམས་སྡུག་དང་ནད་རྒྱུ་བསལ་ཐབས་ཀྱི་གོ་རིམ་འགའ་ཞིག་བརྗོད་པ་ལ།
དང་པོ། འཚོ་བའི་ཁུར་གནོན་དང་དུ་ལེན་པའི་གྲ་སྒྲིག་རྩོམ་པ་སྟེ། བཟའ་བཏུང་སྙོམ་སྒྲིག་ལེགས་པོ་བྱེད་པ་དང་། གཟའ་འཁོར་རེ་ལ་ཉུང་མཐའ་ཡང་དབྱང་ལྡན་ལུས་སྦྱོང་ཐེངས་གསུམ་བྱེད་པ། ཐེངས་རེ་ལ་སྐར་མ30ལས་མི་ཉུང་བ། དུས་ཚོད་བཀོད་སྒྲིག་ལེགས་པོར་བྱེད་པ་སྟེ། དེ་ཡང་དུས་ཚོད་ཇི་ལྟར་གཏོང་བ་དང་རང་ལ་ཕན་པར་ཇི་ལྟར་བཀོད་སྒྲིག་བྱེད་པ་དང་། རང་ལ་དབང་བའི་དུས་ཚོད་རོལ་ཤེས་པ་གསུམ་ནི་གནད་འགག་ཡིན། འབྲེལ་འདྲིས་ལེགས་པོ་འཛུགས་པ་དང་གྲོགས་དང་གཉེན་ཉེ་ལ་འབྲེལ་ཐག་འཛིན་པ་བཅས་སོ། །
གཉིས་པ། འཚོ་བའི་ཁུར་གནོན་ལས་རྒྱལ་ཐབས་བྱེད་པ་སྟེ། འཚོ་བའི་ཁུར་གནོན་ནི་རྩ་བ་ནས་དགེ་མཚན་མེད་པ་ཞིག་མིན་པར། ཁུར་གནོན་གྱི་འོག་ནས་མི་ལ་ད་གཟོད་བརྩོན་པ་བསྐྱེད་འདོད་དང་ཤུགས་སྒྲིམ་འདོད་སྐྱེས་པར་མ་ཟད། དམིགས་བྱ་དང་ཁ་ཕྱོགས་རྙེད་པར་འགྱུར་བའི་གནད་དེ་ལ་ངོས་ཟིན་ཡང་དག་བསྐྱེད་པ་རེད། དེ་ལ་བརྟེན་ནས། རང་གིས་འཚོ་བའི་ཁུར་གནོན་བལྟ་བའི་བློ་མིག་བསྒྱུར་བ་དང་དེ་དང་དུ་ལེན་པའི་ཐབས་ཤེས་བསྟེན་དགོས། དེ་ཡང་རང་གི་མིག་སྔའི་དོན་དག་ཆེ་ཤོས་དེ་གང་ཡིན་པ་དང་། རང་གི་ལས་དབང་ལ་འབྲེལ་བའི་དོན་དེ་ཅི་ཡིན་པ། དོན་གང་ཞིག་ཕལ་བ་འདོར་རུང་བ་དང་གང་ཞིག་གལ་ཆེན་ངེས་པར་བསྒྲུབ་དགོས་པ། རང་གི་ཕུགས་འདུན་སྙེག་ཕྱོགས་གང་དུ་ཡོད་པ་སོགས་ཀྱི་དྲི་བར་བསམ་གཞིགས་བྱས་ཏེ། གདེང་ཅི་ཐོབ་པ་ལྟར་ལག་ལེན་དུ་བསྟར་བར་བྱའོ། །
གསུམ་པ། སེམས་ཀྱི་ཁུར་བོ་ཕོག་ཐབས་ལ་སློབ་པ་སྟེ། རང་སེམས་ཀྱི་ངལ་བ་གསོ་མཚམས་དེ་ལེགས་པར་ཤེས་དགོས་ལ། དུས་མཚམས་དེ་ལ་ངེས་པར་གོམ་མཚམས་བཞག་ནས་ངལ་གསོ་དགོས། དབུགས་ཀྱི་རྒྱུ་བ་སྙོམས་པ་དང་ལུས་ལ་ཕུར་མཉེད་བྱེད་པ། ཆུ་དྲོ་འཇམ་ལ་ཁྲུས་བྱེད་པ་དང་། དགའ་སའི་རོལ་རྩེད་ལ་གཡེང་བ་སོགས་བྱེད་དགོས།
དེ་ཡང་དབུགས་སྣ་རིང་ལེན་བྱེད་པ་ནི་སེམས་ཁུར་སྦྱོང་བའི་རྩ་བའི་ཐབས་ཤེས་ཤིན་ཏུ་བསྟེན་སླ་བ་ཞིག་ཡིན་ཏེ། གནས་གང་བདེ་གང་སྐྱིད་ལ་གན་རྐྱལ་དུ་ཉལ་བའམ་ཙོག་པུར་བསྡད་དེ། གཡོན་ལག་གསུས་པའི་ཐོག་ལ་བཞག གཡས་ལག་དེའི་ཐོག་ལ་བརྩེགས། སྣོད་སྟོང་བ་ཞིག་དེའི་འོག་ཏུ་ཡོད་སྙམ་བྱེད། དེ་ནས་དབུགས་རྔུབ་པ་ལ་མཁའ་དབུགས་སྣ་ཁུང་བརྒྱུད་ནས་སྣོད་སྟོང་དེའི་ནང་དུ་དལ་བུར་བཞུར་བ་དྲན་པར་བྱེད། སྐར་ཆ3ནས5ཙམ་གྱི་མཚམས་ལ་སྣོད་དེ་ཁ་གང་བ་དང་ལག་ཟུང་ཡང་དེ་དང་མཉམ་པོར་བཏེགས། དབུགས་བསྡམས་ནས་སྣོད་སྟོང་ནང་ལྟེམས་མེར་འཁྱིལ་བ་ན། ཡང་དང་བསྐྱར་དུ“བདག་གི་ལུས་འདི་སྙོམས་པར་གནས”ཞེས་བཟླའ་བ་དང་། དེ་ནས་སྣོད་སྟོང་ནང་གི་དབུགས་དེ་ཡུན་གྱིས་གཏོང་བཞིན་སླར་ཡང་དེ་ལྟར་བཟླའ་བར་བྱས་ཏེ། དབུགས་ཀྱིས་གང་བའི་གསུས་ཁོག་དེ་ཡུན་གྱིས་བསྐུམས་པར་བྱ། དེ་ལྟར་ཐེངས4ནས5ལ་བསྐྱར་ཟློས་བྱེད་དགོས། དེ་དང་དེ་སོགས་ཀྱི་ངལ་གསོ་སྤྲོ་གསེང་ལ་རོལ་བའི་ཚེ་ན། རང་སེམས་ཡོངས་སུ་དེའི་ནང་དུ་བསྟིམས་ནས་གནད་དོན་དང་སེམས་ཚེགས་སོགས་གཞོགས་སུ་བསྐྱུར་བ་དང་། ངལ་སངས་ཏེ་ལུས་སྟོབས་སོར་ཆུད་པ་ན། ད་གཟོད་གནད་དོན་ཐག་གཅོད་ཐབས་ལ་བརྩོན་པ་ཡིན་ན་ཁུར་གནོན་དང་སེམས་སྡུག་སོགས་ཇེ་ཡང་ལ་གཏོང་ཐུབ། །
རྩོམ་སྒྲིག་པ། འབྲུག་མོ།