མངལ་ཆགས་དུས་ཀྱི་རིམ་གསུམ་སྔོན་འགོག་བྱ་བ་ལེགས་པོར་སྒྲུབ་སྟེ། དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེ་བར་སྔོན་འགོག་བྱེད་དགོས། ཁག་གཉིས་པ།
2022.11.01 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 33

གསུམ། རྒྱུན་མཐོང་གི་ལུས་སྐྱོན་ཅན་སྐྱེས་པའི་ནད།

རང་རྒྱལ་གྱིས་གཏན་འཁེལ་བྱས་པའི་ལུས་སྐྱོན་ཅན་ཆེན་པོ་བདུན་ལས་ནད་འབྱུང་ཚད་མཐོ་བ་ནས་དམའ་བར་བརྩིས་ན། ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་དང་ཁ་ཤོ། རྐན་གས་པ། ཀླད་ཆུ་བསྐྱར་གསོག རྒྱུན་ལྡན་མིན་པའི་ཚོས་བྱེད་རྫས་ཕྲ་ལས་དབུགས་འགག་པའི་ཀླད་སྐྱོན། མིག་སྐྱོན་ཅན། དབང་རྩའི་ཁ་སྦུབས་ཀྱི་ནད་སྐྱོན་བཅས་རེད།

དབང་རྩའི་ཁ་སྦུབས་ཀྱི་ནད་སྐྱོན་ནི་མངལ་གནས་བྱིས་པ་འཚར་སྐྱེ་ཁྲོད་དུ་དབང་རྩ་ལྟེ་བའི་སྡེ་ཁོངས་འཚར་སྐྱེ་འབྱུང་བྱེད་ཀྱི་དབང་རྩའི་ཁ་སྦུབས་ཁ་ཟུམ་པ་ཆ་མི་ཚང་བའི་རྐྱེན་གྱིས་བསྐྱེད་པའི་ལུས་སྐྱོན་ཅན་གྱི་རིགས་ཤིག་ཡིན་ལ། དེ་ནི་འཛམ་གླིང་གི་ཆེས་ཚབས་ཆེ་བའི་ལུས་སྐྱོན་ཅན་ཞིག་ཀྱང་ཡིན། རང་རྒྱལ་དུ་དབང་རྩའི་ཁ་སྦུབས་ཡ་མ་གཟུགས་འབྱུང་ཚད་མཐོ་བས་འཛམ་གླིང་གི་སྔོན་གྲས་སུ་གནས་ཡོད། མཐོ་སྒང་ས་ཁུལ་གྱི་སྦྲུམ་མར་ལོ་མའི་སྐྱུར་རྒྱུ་དཀོན་པས་དབང་རྩའི་ཁ་སྦུབས་ཡ་མ་གཟུགས་འབྱུང་ཚད་ཀྱང་བདེ་ཐང་ས་ཁུལ་ལས་མཐོ་བ་རེད། མངལ་གནས་བྱིས་པའི་དབང་རྩའི་ཁ་སྦུབས་ཡ་མ་གཟུགས་ཀྱི་མཚོན་ཚུལ་གཙོ་བོ་ནི་ཀླད་མེད་བྱིས་པ་དང་ཀླད་འབུར། ཀླད་རྒྱུངས་སྐྱི་མོ་འབུར་བ། མི་མངོན་པའི་སྒལ་རུས་གས་པ། ཁ་ཤོ། རྐན་གས་པ་སོགས་རེད། སྦྲུམ་མར་མངལ་ཆགས་ནས་ཟླ་བ་གསུམ་གྱི་ནང་དུ་རླབས་ཕྲན་དང་འཕྲོ་འོད་སོགས་ཡང་ཡང་དུ་ཕོག་ན། མངལ་གནས་བྱིས་པའི་ཁ་ཤོ་ཚད་ཇེ་མཐོར་འགྲོ་སྲིད།

ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཀྱིས་ལུས་སྐྱོན་ཅན་གྱི་བྱིས་པའི་ཁྲོད་ཨང་དང་པོ་ཟིན་ཡོད། རྒྱལ་ཡོངས་སུ་འབྱུང་ཚད་མཐོ་ཞིང་། རང་རྒྱལ་དུ་ལོ་རེར་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཡོད་པའི་བྱིས་པ་འབུམ་གཅིག་དང་ཁྲི་ལྔ་ཙམ་ནས་འབུམ་གཉིས་ཙམ་སྐྱེ་བཞིན་ཡོད་པ་དང་། ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་བརྒྱ་ཆའི་དགུ་བཅུའི་ཡན་རྒྱུད་འཛིན་དང་ཁོར་ཡུག་གི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་སྲིད། ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་བྱུང་བའི་བྱིས་པའི་མཚོན་རྟགས་ནི་མཆུ་ཏོ་དང་སེན་མོ་སྔོ་ནག་ཡིན་པ་དང་། འཚར་སྐྱེ་དལ་བ། དབུགས་ཐུང་ལེན་བྱེད་པ། ངུ་བ། རིམས་འགོག་ནུས་ཤུགས་ཞན་པ། ཐང་ཆད་སླ་ཞིང་རྔུལ་ཆུ་བཞུར་སླ་བ། བྲང་ཁོག་གི་དབྱིབས་ཆགས་ཚུལ་རྒྱུན་ལྡན་མིན་པ། བརྒྱལ་སླ་བ་བཅས་རེད།

བཞི། ལུས་སྐྱོན་ཅན་སྐྱེ་བའི་གནོད་པ།

ལུས་སྐྱོན་ལས་མངལ་གནས་བྱིས་པ་དང་བྱིས་པ་རློན་ནུའི་འཆི་ཚད་མཐོ་བ་དང་།  ཡང་ན་ཚེ་ཐག་ཇེ་ཐུང་དུ་གཏོང་ཞིང་། བྱིས་པ་མང་པོར་ད་དུང་དེ་དང་བསྡོངས་ནས་ནད་རིགས་གཞན་པའང་འབྱུང་དུ་བཅུག་ནས་དུས་ཡུན་རིང་པོར་དབང་བོ་སྐྱོན་ཅན་དུ་འགྱུར་སྲིད། དཔེར་ན་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་དང་། ཁ་ཤོ། རྐན་གས་པ། ཀླད་ཆུ་བསགས་པ། རྒྱུན་ལྡན་མིན་པའི་ཚོས་བྱེད་རྫས་ཕྲ། དབུགས་འགག་པ་མིན་པའི་ཀླད་པའི་གྲིབ་སྐྱོན། མིག་སྐྱོན་ཅན། དབང་རྩའི་ཁ་སྦུབས་ཀྱི་ནད་སྐྱོན་བཅས་རེད།   ལུས་སྐྱོན་ཅན་སྐྱེ་བའི་གནད་དོན་དེ་ད་ལྟ་འཛམ་གླིང་གི་རྒྱལ་ཁབ་སོ་སོས་མཐོང་ཆེན་བྱེད་པའི་བདེ་ཐང་གི་གནད་དོན་དུ་ཞིག་ཏུ་གྱུར་ཡོད། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་དཔེར་ན་ཨ་མེ་རི་ཁ་ལྟ་བུར་མཚོན་ན། ལུས་སྐྱོན་ཅན་སྐྱེ་བ་ནི་བྱིས་པ་རློན་ནུ་ཤི་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད།

རང་རེའི་རྒྱལ་ཁབ་ཏུ་ལུས་སྐྱོན་ཅན་སྐྱེས་ཚད་ཚབས་ཆེ་བ་དང་། ཁོར་ཡུག་ངན་འགྱུར་ལས་སྐྱེ་བའི་ལུས་སྐྱོན་གྱི་གནོན་ཤུགས་དེ་མུ་མཐུད་དུ་ཇེ་མཐོར་འགྲོ་བཞིན་ཡོད་ཅིང་། བཙོག་འགྱུར་ཚབས་ཆེན་དང་འགྱེད་འཕྲོ་དྲག་པོ་སོགས་རང་བྱུང་ཁོར་ཡུག་གི་རྐྱེན་དང་། མི་ལུས་ཀྱི་ཚོས་བྱེད་རྫས་ཕྲ། ཐ་ན་གཞི་རྒྱུ་གློ་བུར་དུ་བསྒྱུར་པ་བཅས་ཀྱིས་ལུས་སྐྱོན་ཅན་སྐྱེ་བར་འབྲེལ་བ་དམ་པོ་ཡོད་པ་དང་།     ལ་ལས་ཐ་ན་མངལ་གནས་བྱིས་པའི་གྲུབ་ཚུལ་ཐད་ཀར་འགྱུར་དུ་འཇུག་པ་རེད། རང་རེའི་མཚོ་སྔོན་ཞིང་ཆེན་ནི་མཚོ་ངོས་ལས་མཐོ་ཚད་ཅུང་མཐོ་བ་དང་།  གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་ལ་འགྱེད་འཕྲོ་དྲག་པོ་བཅས་དངོས་ལུགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པ་དང་། མཐོ་སྒང་པའི་མི་ལེགས་པའི་འཚོ་བ་རོལ་སྟངས་ལས་བྱུང་བའི་ལུས་སྟེང་དུ་ཚད་ཉུང་མ་རྒྱུ་བསྡུ་ལེན་བྱས་པ་མི་འདང་བ། དེ་མིན་མི་རྣམས་ཀྱི་ལེགས་སྐྱེ་ལེགས་གསོའི་འདུས་ཤེས་ཞན་པས། མཚོ་སྔོན་ཞིང་ཆེན་དུ་བྱིས་པ་ལུས་སྐྱོན་ཅན་སྐྱེས་ཚད་མཐོ་བ་དེ་དུས་ཡུན་རིང་པོར་མར་འབབ་མ་ཐུབ་པ་རེད།

ལྔ། མཐོ་སྒང་ས་ཁུལ་དུ་ལུས་སྐྱོན་ཅན་སྐྱེ་བ་སྔོན་འགོག་བྱེད་ཐབས།

ལུས་སྐྱོན་ཅན་སྐྱེ་བར་སྔོན་འགོག་བྱེད་ཆེད། རང་རྒྱལ་གྱིས་ལག་ལེན་ཁྲོད་དུ་རིམ་བཞིན་བྱེད་ཐབས་རིམ་པ་གསུམ་རྙེད་པ་སྟེ་མངལ་མ་ཆགས་གོང་གི་བདེ་སྲུང་དང་མ་སྐྱེས་གོང་གི་ཞིབ་བཤེར། དེ་མིན་བྱིས་པ་རློན་ནུའི་ནད་ཞིབ་བཤེར་བཅས་འགག་སྒོ་གསུམ་བརྒྱུད་ནས་ གང་ནུས་ཀྱིས་སྔོན་འགོག་དང་ལུས་སྐྱོན་ཅན་སྐྱེ་བ་བཀག་འགོག་བྱེད་དགོས།

སྔོན་འགོག་རིམ་པ་དང་པོ་ལས་གཉེན་མ་བསྒྲིགས་གོང་གི་ཞིབ་བཤེར་དང་མངལ་མ་ཆགས་གོང་གི་ཞིབ་བཤེར། ལོ་མའི་སྐྱུར་རྒྱུ་ཁ་གསབ་བཅས་ཀྱི་འགག་སྒོ་འདི་དག་ཚོད་འཛིན་བྱས་ཏེ། ཉེན་ཁ་ཡོད་པའི་རྒྱུ་རྐྱེན་ཇེ་ཉུང་དུ་གཏོང་བ་དང་། ལུས་སྐྱོན་ཅན་སྐྱེ་བ་སྔོན་འགོག་བྱ་དགོས།

སྔོན་འགོག་རིམ་པ་དང་པོའི་ནང་དུ་གཉེན་མ་བསྒྲིགས་གོང་གི་ཞིབ་བཤེར་དང་གཉེན་ཉེ་མིན་པའི་བར་དུ་གཉེན་སྒྲིག་པ། མངལ་མ་ཆགས་གོང་གི་གྲ་སྒྲིག་བྱ་བ་ལེགས་སྒྲུབ་བྱེད་པ། ཆེས་ལེགས་པའི་མངལ་ཆགས་པའི་ལོ་ན་དང་དུས་ཚིགས་འདེམ་པ། མངལ་མ་ཆགས་གོང་བུ་སྐྱེ་ཚན་ཁག་ནས་ནད་དུག་རྣམ་གྲངས་ལྔའི་ཞིབ་བཤེར་ཚད་ལེན་ལེགས་སྒྲུབ་བྱེད་པ། ནད་འགོ་བ་སྔོན་འགོག་བྱེད་པ། དགོས་ངེས་ཀྱི་རྒྱུད་འཛིན་བློ་འདྲི་བྱེད་པ། མངལ་ཆགས་པའི་དུས་མགོར་གློག་ཀླདང་དང་ལག་ཁྱེར་ཁ་པར་བཀོལ་ཚད་ཇེ་ཉུང་དུ་གཏོང་བ། བརྙན་འཕྲིན་ལ་ཉུང་ལྟ་བྱེད་པ། ཚ་བ་ཆེ་སར་ཡུན་རིང་མི་འདུག་པ་དང་རྣ་བར་གཟན་པའི་སྒྲ་ལ་གཡོལ་ཐབས་བྱེད་པ།  སེམས་ཆུང་དང་ལུགས་མཐུན་ངང་སྨན་བཀོལ་བ། ལོ་མའི་སྐྱུར་རྒྱུ་དང་འཚོ་བཅུདB12 ཁ་གསབ་བྱེད་པ། ཆང་དང་དུ་བ་གཅོད་པ། བྱི་ལ་དང་ཁྱི། བྱེའུ་བཅས་དང་གནོད་ལྡན་དངོས་པོ་ལ་རེག་ཐུག་མི་བྱེད་པ་བཅས་བྱེད་དགོས།

མངལ་མ་ཆགས་པའི་སྔོན་གྱི་ཟླ་བ་གསུམ་ནས་ལོ་མའི་སྐྱུར་རྒྱུ་འདུས་པའི་འདྲེས་སྦྱོར་འཚོ་བཅུད་དང་གཏེར་རྫས། ཚད་ཉུང་མ་རྒྱུ་སྤྱད་ན། མཐོ་སྒང་ས་ཁུལ་གྱི་དབང་རྩའི་ཁ་སྦུབས་ཡ་མ་གཟུགས་དང་ལུས་སྐྱོན་ཅན་གཞན་དག་སྐྱེ་བའི་ཚད་མངོན་གསལ་གྱིས་ཇེ་དམར་གཏོང་ཐུབ། ཚད་ལྡན་ཡིག་ཆ་ཞིག་ཏུ་བཀོད་པ་ལྟར་ན། དབྱང་དབུགས་བརྔུབས་ན་མཐོ་སྒང་ས་ཁུལ་དུ་བྱིས་པ་ལུས་སྐྱོན་ཅན་སྐྱེས་ཚད་ཇེ་ཉུང་དུ་གཏོང་ཐུབ་པས། མཐོ་སྒང་གི་སྦྲུམ་མས་མངལ་ཆགས་པའི་སྐབས་སུ་རང་ཉིད་ཀྱི་གནས་ཚུལ་ལྟར་འོས་འཚམས་གྱིས་དབྱང་དབུགས་བརྔུབས་ཏེ་ལུས་སྐྱོན་ཅན་སྐྱེ་ཚད་ཇེ་ཉུང་དུ་གཏོང་དགོས།

སྔོན་འགོག་རིམ་པ་གཉིས་པ་ནི་མངལ་ཆགས་པའི་དུས་སུ་ཞིབ་བཤེར་བྱེད་པ་དང་དེ་མིན་ཉེན་ཁ་ཆེ་བའི་སྦྲུམ་མ་རྣམས་ཀྱིས་མགོ་ཆུའི་ཚོས་བྱེད་རྫས་ཕྲ་ལ་ཞིབ་བཤེར་རྩིས་ལེན་བྱེད་པ་དང་། དངོས་ལུགས་ཀྱི་ནད་བརྟག་སོགས་ལག་ཐབས་ལ་བརྟེན་ནས། ལུས་སྐྱོན་ཚབས་ཆེན་ལྡན་པའི་བྱིས་པ་སྐྱེ་བ་སྔོན་འགོག་བྱ་ཆེད། ལྷན་སྐྱེས་རང་བཞིན་གྱི་ལུས་སྐྱོན་ལ་ཞིབ་བཤེར་བྱེད་པ་དང་། སྔ་མོ་ནས་བརྟག་པ་དང་སྔ་མོ་ནས་ངོས་འཛིན་བྱེད་པ། སྔ་མོ་ནས་བྱེད་ཐབས་སྤྱོད་པ་བཅས་བྱེད་དགོས་པར་བསྟན་པ་རེད།

མངལ་མ་ཆགས་གོང་གི་ཞིབ་བཤེར་ནི་འགྲོ་སྒོ་ཉུང་ཞིང་སྟབས་བདེ་བ་དང་རྨ་ཁ་མེད་པའི་ཞེབ་བཤེར་བྱེད་ཐབས་ཡིན་པས། བྱེད་ཐབས་འདི་སྤྱད་དེ། སྦྲུམ་མའི་ཁྲོད་ནས་ལྷན་སྐྱེས་རང་བཞིན་གྱི་སྦྲུམ་བུ་ལུས་སྐྱོན་ཅན་གྱི་སྦྲུམ་མ་བཙལ་ཏེ། སྔར་བས་བརྟག་དཔྱད་ཞིབ་མོ་བྱས་ནས། ཅི་ནུས་གང་ཐུབ་ཀྱིས་རྒྱུན་ལྡན་མིན་པའི་སྦྲུམ་བུའི་སྐྱེས་ཚད་ཇེ་ཉུང་དུ་གཏོང་དགོས་པར་བསྟན་པ་རེད།  མངལ་མ་ཆགས་གོང་གི་ཞིབ་བཤེར་ནི་རྨ་ཁ་མེད་པའི་ཞིབ་བཤེར་རིགས་ཤིག་ཡིན་པ་དང་། སྦྲུམ་མ་དང་མངལ་གནས་བྱིས་པ་གཉིས་ཀར་གནོད་པ་མེད། སྦྲུམ་མའི་ཁྲག་ཧོ་ཧྲིན3~5  མ་གཏོགས་ལེན་མི་དགོས་ལ། སྦྲུམ་མའི་ཁྲག་ལ་ཞིབ་བཤེར་བྱས་པ་ལས་ལྷན་སྐྱེས་རང་བཞིན་གྱི་སྦྲུམ་བུ་ལུས་སྐྱོན་ཅན་གྱི་ཉེན་ཁ་ཆེ་བའི་སྦྲུམ་མ་ཤེས་ཐབས་བྱེད་པ་དེར་བསྟན་པ་རེད།  སྦྲུམ་མའི་ཁྲག་ལ་ཞིབ་བཤེར་བྱས་ན 60~70 ཡི་ཐང་ཧྲི་ཕྱོགས་བསྡུས་ནད་རྟགས་ལྡན་པའི་སྦྲུམ་བུ་དང་། བརྒྱ་ཆའི་གྱ་ལྔ་ནས་བརྒྱ་ཆའི་དགུ་བཅུ་ཡི་དབང་རྩའི་ཁ་སྦུབས་ཀྱི་ལུས་སྐྱོན་ཅན་ཤེས་ཐུབ་པ་རེད།

བྱིས་པ་མ་སྐྱེས་གོང་གི་བརྟག་དཔྱད་ལ་བུ་སྣོད་ཀྱི་ནད་བརྟག་ཡང་ཟེར་ཏེ། དེ་ནི་མངལ་གནས་བྱིས་པ་མ་སྐྱེས་གོང་དུ་ནད་འགོས་ཡོད་མེད་དང་ལུས་སྐྱོན་ཡོད་མེད་ལ་བརྟག་དགོས་པ་རེད། དེའི་ནང་དུ་རིམས་འགོག་རིག་པའི་ནད་བརྟག་དང་བརྙན་པར་རིག་པའི་ནད་བརྟག ཕྲ་ཕུང་རྒྱུད་འཛིན་རིག་པའི་ནད་བརྟག གཞི་རྒྱུའི་ནད་བརྟག་སོགས་འདུས། དེ་བྱིས་པ་མ་སྐྱེས་གོང་གི་ཞིབ་བཤེར་གཞན་དང་མི་འདྲ་སྟེ། ལག་རྩལ་ཐད་ཀྱི་བླང་བྱ་དེ་བས་མཐོ་ཞིང་། བརྟག་དགོས་པའི་ནད་ཀྱང་རྙོག་འཛིང་ཆེ།  དེར་བརྟེན། ཉེན་ཁའི་ཚད་མཐོ་བའི་སྦྲུམ་མ་འགའ་ཤས་ཤིག་ལ་མ་གཏོགས་སྦྲུམ་མ་ཡོད་ཚད་ལ་ཞིབ་བཤེར་བྱེད་མི་དགོས་པས། དེ་ནི་དམིགས་སའི་རང་བཞིན་ཡོད་པའི་ནད་བརྟག་རང་བཞིན་གྱི་གཤགས་བཅོས་དང་ཚོད་ལྟའི་རིགས་ཤིག་རེད། དཔེར་ན་མགོ་ཆུའི་ཚོས་བྱེད་རྫས་ཕྲའི་ཞིབ་བཤེར་ལྟ་བུ། དམིགས་ས་ནི་མངལ་གནས་བྱིས་པར་རྒྱུན་ལྡན་མིན་པའི་ཚོས་བྱེད་རྫས་ཕྲ་དེར་རྒྱུད་འཛིན་རང་བཞིན་གྱི་ནད་ཡོད་མེད་ལ་ཞིབ་བཤེར་བྱེད་རྒྱུ་དེ་རེད།    བྱིས་པ་མ་སྐྱེས་གོང་གི་ཚད་བརྒལ་སྒྲ་རླབས་ཀྱི་སྙིང་འཕར་རླབས་རིས་ཞིབ་བཤེར་གྱིས་གཙོ་བོ་མངལ་གནས་བྱིས་པར་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཡོད་མེད་ལ་དམིགས་ནས་བལྟ་དགོས་པ་རེད། ཚད་བརྒལ་སྒྲ་རླབས་མ་ལག་གི་ཞིབ་བཤེར་གྱིས་གཙོ་བོ་མངལ་གནས་བྱིས་པར་ལུས་ཀྱི་ཕྱི་ངོས་དང་ནང་ཁོག་གི་གྲུབ་ཚུལ་རྒྱུན་ལྡན་ཡིན་མིན་ལ་དམིགས་ནས་བལྟ་དགོས་པ་རེད།

སྔོན་འགོག་རིམ་པ་གསུམ་པ་ནི་སྐྱེས་མ་ཐག་པའི་བྱིས་པ་རློན་ནུ་ལ་རྙིང་ཚབ་གསར་འབྱེད་རང་བཞིན་གྱི་ནད་དང་རྣ་དབང་ལ་སྐྱོན་ཡོད་མེད་སོགས་ཕྱོགས་ཀྱི་ཞིབ་བཤེར་བྱས་ཏེ། ནད་ཇེ་ཡང་དུ་གཏོང་བ་དང་བདེ་གསོའི་སྨན་བཅོས་ཀྱི་དམིགས་ཡུལ་དུ་ཐོན་དུ་འཇུག་རྒྱུ་དེ་རེད།

བྱིས་པ་རློན་ནུའི་ཞིབ་བཤེར་ནི་སྐྱེས་མ་ཐག་པའི་བྱིས་པ་རློན་ནུ་རེ་རེར་ཞིབ་བཤེར་བྱེད་པའི་ཐབས་ཤིག་རེད། སྐྱེས་ནས་ཉིན་གསུམ་འགོར་བ་དང་ནུ་མ་འདང་ངེས་ཏེ་ཐེངས་དྲུག་ཙམ་ལ་ནུ་མ་བསྣུན་ཟིན་པའི་བྱིས་པ་རློན་ནུའི་ཕྱི་རྟིང་ནས་ཁྲག་ཐིག་གསུམ་བླངས་ཤིང་། དམིགས་བསལ་གྱི་འཚག་ཤོག་སྟེང་ནས་ཁྲག་སྐམ་ལེབ་མོའི་མ་དཔེ་བཟོས་ནས་ཞིབ་བཤེར་བྱེད་དགོས་པ་རེད། ཞིབ་བཤེར་བྱེད་པའི་ནད་གཙོ་བོ་ནི་གནོད་པ་ཚབས་ཆེ་བའི་ལྷན་སྐྱེས་རང་བཞིན་གྱི་རྒྱུད་འཛིན་རྙིང་ཚབ་གསར་འབྱེད་ཀྱི་ནད་དེ་དཔེར་ན། གཅིན་དུག་གི་ནད་དང་ལྷན་སྐྱེས་རང་བཞིན་གྱི་ཨོལ་གོང་གཤེར་རྨེན་གྱི་བྱེད་ནུས་ཉམས་པའི་ནད་ལྟ་བུ་རེད། ནད་འདིའི་རིགས་བྱུང་བའི་བྱིས་པ་ལ་དུས་སྔོན་དུ་མངོན་གསལ་གྱི་ནད་རྟགས་མེད་མོད། གལ་ཏེ་ནད་བྱུང་རྗེས་བློ་རིག་པ་དང་ལུས་ཁམས་ལ་ཡུན་རིང་བོར་གནོད་པ་ཐེབས་སྲིད་པ་དང་ཐ་ན་འཆི་བའི་ཉེན་ཁའང་འབྱུང་སྲིད།

རྣ་འོན་པ་ནི་རྒྱུན་མཐོང་གི་ལུས་སྐྱོན་ཞིག་རེད། རྒྱུན་ལྡན་གྱི་བྱིས་པ་རློན་ནུའི་ཁྲོད་དུ་རྣ་གཉིས་འོན་པའི་ཚད་ནི་ཧ་ལམ0.1-0.3﹪ཙམ་རེད། ལོ་གསུམ་གྱི་སྔོན་ནི་བྱིས་པའི་ཐོས་ཤུགས་འཕེལ་བའི་གནད་འགག་གི་དུས་སྐབས་ཡིན་པ་དང་། ཞིབ་བཤེར་བྱས་ན་བྱིས་པ་རློན་ནུའི་དུས་ནས་ཐོས་ཤུགས་ལ་སྐྱོན་ཡོད་ན་སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་བརྟག་པ། སྔ་མོ་ནས་སྨན་བཅོས་བྱས་ནས། ཅི་ནུས་ཀྱིས་ཐོས་ཤུགས་ལ་སྐྱོན་ཞུགས་ཏེ་དབང་བོ་སྐྱོན་ཅན་དུ་འགྱུར་བ་ཇེ་ཉུང་དུ་གཏོང་ཐུབ། བྱིས་པ་སྐྱེས་ནས་ཉིན་གསུམ་གྱི་ནང་དུ་རྣ་ལ་ཐོག་མར་ཞིབ་བཤེར་བྱེད་པ་དང་། སྐྱོན་ཡོད་པར་དོགས་པའི་བྱིས་པ་ལ་སྐྱེས་ནས་ཉིན42ནང་དུ་ཡང་བསྐྱར་ཞིབ་བཤེར་བྱེད་དགོས་པ་དང་།  གལ་ཏེ་ད་དུང་དོགས་པ་ཡོད་ན་དུས་ཐོག་ཏུ་ནད་བརྟག་རང་བཞིན་གྱི་ཞིབ་བཤེར་བྱ་དགོས། གལ་ཏེ་མཇུག་མཐར་བྱིས་པ་ལ་བརྟགས་ནས་ལྷན་སྐྱེས་རང་བཞིན་གྱི་རྣ་དབང་ཉམས་པར་ངོས་ཟིན་ན། སྐྱེས་ནས་ཟླ་བ་དྲུག་གི་ནང་དུ་སྨན་བཅོས་ཀྱི་བྱེད་ཐབས་སྤྱོད་པ་དང་། ནད་གསོའི་སྨན་བཅོས་བྱ་དགོས། འདི་ལྟར་བྱས་ན། ལོ་གསུམ་ལོན་དུས་བྱིས་པའི་ཐོས་ཤུགས་དེ་ཐོས་ཤུགས་རྒྱུན་ལྡན་ཡིན་པའི་བྱིས་པ་དང་ཁྱད་པར་ཆེན་པོ་མེད།

ལུས་སྐྱོན་ཅན་གྱི་བྱིས་པ་ཞིག་སྐྱེས་ཚེ། བྱིས་པའི་ཕ་མ་དང་ཁྱིམ་ཚང་། སྤྱི་ཚོགས་ཧྲིལ་བོ་བཅས་ལ་སེམས་ཁུར་ཆེན་པོ་དང་དཔལ་འབྱོར་གྱི་ཁུར་པོ་ལྗིད་མོ་ཡོད་ངེས། དེ་བས་སྔོན་འགོག་རིམ་པ་གསུམ་ལེགས་སྒྲུབ་བྱེད་པ་དང་ལུས་སྐྱོན་ཅན་སྐྱེ་བ་སྔོན་འགོག་བྱེད་པ། ཚེ་སྲོག་གི་སྤུས་ཚད་མཐོར་འདེགས་བྱེད་པ་བཅས་ནི་མིའི་བདེ་ཐང་ལ་ཐད་ཀར་འབྲེལ་བ་ཡོད་པ་དང་་ང་ཚོའི་མི་རིགས་ཀྱི་དར་རྒུད་དང་རྒྱལ་ཁབ་ཀྱི་མ་འོངས་པར་འབྲེལ་བ་ཡོད་པས།  སྐྱེ་ལོ་རན་པའི་ན་གཞོན་ཚང་མས་ལུས་སྐྱོན་ཅན་སྐྱེ་བ་སྔོན་འགོག་ལ་དོ་སྣང་བྱེད་པ་དང་། ལུས་སྐྱོན་ཅན་སྐྱེ་བ་སྔོན་འགོག་བྱེད་པའི་བྱེད་ཐབས་སློབ་སྦྱོང་དང་བེད་སྤྱོད་གང་ལེགས་བྱེད་ཅིང་། ལུས་སྐྱོན་ཅན་སྐྱེས་ཚད་ཇེ་ཉུང་དུ་གཏོང་བ་དང་། བདེ་ཐང་གི་བྱིས་པ་ཞིག་སྐྱེ་རུ་འཇུག་རྒྱུ་དེ། རྗེས་རབས་པའི་འགན་འཁྲི་ཡིན་པར་མ་ཟད། རང་རྒྱལ་མི་གྲངས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བའི་གནད་འགག་གི་གོ་རིམ་ཞིག་ཀྱང་ཡིན་ནོ།།

              《མཐོ་སྒང་དང་ལུས་ཁམས་བདེ་ཐང》ཞེས་པའི་དཔེ་དེབ་ལས་བདམས།

རྩོམ་སྒྲིག་པ། འབྲུག་མོ།