རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་ཕྱིན་པ་དང་བསྟུན་ནས། མང་ཚོགས་སྔར་ལས་མང་པོས་སྨན་བཅོས་འགན་སྲུང་བྱང་བུ་སྟེ། སྨན་བཅོས་འགན་སྲུང་གི་མི་སྒེར་གྱི་རྩིས་ཁྲའི་ཆེད་སྤྱོད་བྱང་བུ་སྤྱོད་ཐུབ་པ་བྱུང་ཡོད། ནད་བརྟགས་སྨན་བཅོས་དང་སྨན་ཉོ་བའི་ཐད་གང་དུའང་སྤྱད་ཆོག་པས། སྔར་ལས་སྟབས་ཇེ་བདེར་གྱུར་ཡོད་པར་མ་ཟད་ནད་པའི་སྨན་བཅོས་ཀྱི་ཁུར་པོའང་ཇེ་ཡང་དུ་ཕྱིན་ཡོད།
འོན་ཀྱང་དངོས་ཡོད་འཚོ་བའི་ཁྲོད་ཁྲིམས་འགལ་ཉེས་གསོག་ཚོགས་པ་ཉུང་ཤས་ཤིག་གིས་འདོད་རྔམ་གྱི་ལག་པ་སྨན་བཅོས་འགན་སྲུང་ཐེབས་རྩའི་ཕྱོགས་སུ་བརྐྱངས་པ་དང་། སྨན་བཅོས་འགན་སྲུང་བྱང་བུ་སྤྱད་དེ་སྨན་རྫས་ཀྱི་ཚོང་ལོག་རྒྱག་པའི་རིགས་སྨྱན་སྦྱོར་ཐོག་གང་མང་མཐོང་རྒྱུ་ཡོད།
སྨན་བཅོས་འགན་སྲུང་བྱང་བུ་ཁག་གཅིག་གི་བེད་སྤྱོད་ཐད་ཀྱི་བཅའ་ཁྲིམས་གནད་དོན་ལ་དམིགས་ནས། པེ་ཅིང་ཧྲང་ཆོན་ཁྲིམས་རྩོད་ལས་དོན་ཁང་གི་ཁྲིམས་རྩོད་པ་ཀྲང་ཡུས་ཕིན་གྱིས་འགྲེལ་བཤད་ཞིབ་མོ་བྱས་ཡོད།
གྱོད་དཔེ་དང་པོ། སྐྱེས་པ་ཞིག་གིས་སྨན་བཅོས་འགན་སྲུང་བྱང་བུ་སྤྱད་ནས་སྨན་རྫས་བླངས་རྗེས།ཕྱིར་འཚོང་བྱས་ཏེ་ཁེ་སྤོགས་ཐོབ་པར་ཁྲིམས་ཆད་ཕོག་པ།
2020ལོ་ནས2021ལོའི་བར། ཨན་ཧུའེ་ཞིང་ཆེན་གྱི་སྐྱེས་པ་ཐེན་ཆེ་གེ་མོས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་སྤྱད་དེ་རང་ཉིད་དང་དེ་བཞིན་བཟའ་ཟླ་ལུའི་ཆེ་གེ་མོའི་སྨན་བཅོས་འགན་སྲུང་བྱང་བུ་སྤྱད་ནས་སྨན་བཅོས་ལས་ཁུངས་ལས་རྒྱུན་གཏན་གྱི་སྨན་སྤྱོད་ཚད་ལས་ཆེར་བརྒལ་བའི་སྨན་རྫས་བླངས་རྗེས། ཕྱིར་འཚོང་བྱས་པའམ་སྨན་རྫས་གཞན་དང་བརྗེས་ཏེ་ཁེ་བཟང་སྒོར་ཁྲི་གཅིག་བླངས་བ་རེད།
གྱོད་སྒྲུབ་ལས་ཁུངས་ཀྱིས་རྩད་གཅོད་བྱས་པ་བརྒྱུད། ཐེན་ཆེ་གེ་མོས་སྒྲིག་འགལ་ངང་བླངས་པའི་སྨན་རྫས་གྱི་རིན་གོང་སྒོར་ཁྲི་གསུམ་དང་སྟོང་གསུམ་ལྷག་ཡོད་ཅིང་། ཁོས་རྒྱུ་ནོར་བཙལ་བའི་ཐབས་ལམ་ཞིག་རྙེད་པར་དགའ་སྤྲོ་སྐྱེས་བཞིན་པའི་སྐབས། རང་ཉིད་ཀྱི་ཉེས་གསོག་བྱ་སྤྱོད་དེར་ཉེན་རྟོག་པས་དོ་སྣང་བྱས་པ་ད་དུང་ཤེས་རྟོགས་བྱུང་མེད། མཐར་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར་བ་རེད། མཐའ་མཇུག་ཁྲིམས་ཁང་གིས་རྒྱུ་ནོར་གཡོ་ལེན་བྱས་པའི་ནག་ཉེས་ཀྱི་ཐོག་ནས་ཐེན་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་བ་གཉིས་དང་། ཉེས་ཆད་ཕྱིར་འགྱངས་ལོ་གཉིས་བྱ་རྒྱུའི་ཁྲིམས་ཐག་བཅད་པ་མ་ཟད། མི་དམངས་ཤོག་སྒོར་ཁྲི་གཅིག་གི་དངུལ་ཆད་བཅད་པ་རེད།
ཁྲིམས་རྩོད་པ་ཀྲང་ཡུས་ཕིན་གྱིས། ཉེ་བའི་ལོ་ཤས་རིང་སྨན་བཅོས་འགན་སྲུང་དོ་དམ་གྱི་མི་འདང་བའི་ཆ་སྤྱད་དེ་སྨན་བཅོས་འགན་སྲུང་གི་མ་དངུལ་གཡོ་ལེན་བྱེད་པའི་གྱོད་དཔེ་ཡང་ཡང་འབྱུང་བཞིན་ཡོད། 2020ལོར་ཁོ་ནར་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་གཞི་དེའི་རིགས་ཆིག་སྟོང་སུམ་བརྒྱ་གོ་དྲུག་ཙམ་མྱུལ་ཞིབ་བྱས་ཏེ། ཉེས་གསོག་དོགས་ཡོད་མི་སྣ་ཆིག་སྟོང་གྱ་གཉིས་འཛིན་བཟུང་བྱས་པ་དང་། སྨན་བཅོས་འགན་སྲུང་མ་དངུལ་སྒོར་དུང་ཕྱུར་བཞི་ལྷག་བདའ་འདེད་བྱས་ཡོད། ཁྲིམས་འཛིན་གྱི་ལག་ལེན་ཁྲོད། སྨན་བཅོས་འགན་སྲུང་གཡོ་ལེན་བྱེད་སྟངས་ལ་གཙོ་བོ་རིགས་གསུམ་ཡོད་དེ། གཅིག་ནི་སྨན་བཅོས་འགན་སྲུང་ལས་སྒྲུབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འགན་དབང་སྤྱད་དེ་སྨན་བཅོས་འགན་སྲུང་མ་དངུལ་གཡོ་ལེན་བྱས་པ་དང་། གཉིས་ནི་གནས་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས་དང་དེའི་འབྲེལ་ཡོད་ལས་བྱེད་མི་སྣས་སྨན་སྤྱོད་ཆ་འཕྲིན་རྫུན་བཟོ་བྱས་ཏེ་སྨན་བཅོས་འགན་སྲུང་མ་དངུལ་གཡོ་ལེན་བྱས་པ། གསུམ་ནི་མི་སྒེར་གྱིས་སྨན་བཅོས་འགན་སྲུང་མ་དངུལ་གཡོ་ལེན་བྱས་པ་བཅས་ཡིན་ཞེས་གསུངས་པ་རེད།
རང་རྒྱལ་གྱི《སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས》དང་《སྨན་བཅོས་འགན་སྲུང་ཐེབས་རྩའི་བེད་སྤྱོད་ལྟ་སྐུལ་དོ་དམ་སྲོལ་ཡིག》 《ཉེས་ཁྲིམས》སོགས་བཅའ་ཁྲིམས་ནང་། འགན་བཅོལ་ནང་ཞུགས་མཁན་གྱིས་སྨན་བཅོས་འགན་སྲུང་གི་ཐོབ་ཐང་ལོངས་སུ་སྤྱོད་པའི་གོ་སྐབས་སྤྱད་དེ། སྨན་རྫས་བརྒྱུད་ཚོང་བྱེད་པ་དང་། ལག་དངུལ་དང་དངོས་པོ་ཕྱིར་སློག་དང་ལེན་བྱེད་པའམ་ཡང་ན་ཁྲིམས་འགལ་གྱི་ཁེ་ཕན་གཞན་དག་རགས་ཐབས་བྱ་མི་ཆོག འགན་བཅོལ་ནང་ཞུགས་མཁན་ལ་གོང་གསལ་གྱི་བྱ་སྤྱོད་དེ་རིགས་ཡོད་ཚེ། སྨན་བཅོས་འགན་སྲུང་སྲིད་འཛིན་ལས་ཁུངས་ཀྱིས་ཟླ་གསུམ་ནས་ཟླ་བཅུ་གཉིས་ཀྱི་རིང་ལ་སྨན་བཅོས་འགྲོ་གྲོན་བསྡོམས་རྩིས་རྒྱག་མཚམས་བཞག་ཆོག་པ་དང་། སྨན་བཅོས་འགན་སྲུང་མ་དངུལ་གཡོ་ལེན་བྱ་རྒྱུ་དམིགས་ཡུལ་དུ་བྱས་ཏེ། གོང་གསལ་གྱི་བྱ་སྤྱོད་སྤེལ་ནས་སྨན་བཅོས་འགན་སྲུང་མ་དངུལ་ལ་གྱོང་གུན་བཟོས་ཚེ། སྨན་བཅོས་འགན་སྲུང་སྲིད་འཛིན་ལས་ཁུངས་ཀྱིས་གཡོ་ལེན་བྱས་པའི་དངུལ་གྲངས་ཀྱི་ལྡབ་གཉིས་ཡན་ནས་ལྡབ་ལྔའི་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། གྲངས་འབོར་ཆེ་ཙམ་གྱི་ཚད་གཞིར་སླེབས་ཏེ་ཉེས་ཁྲིམས་ལས་འགལ་ཡོད་ན། གཡོ་ལེན་བྱས་པའི་བྱས་ཉེས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ཞེས་གཏན་འཁེལ་བྱས་ཡོད།
གྱོད་གཞི་འདིའི་ནང་ཞུ་སྦྱོར་ཕྱི་མ་ཐེན་ཆེ་གེ་མོ་འགན་སྲུང་ནང་ཞུགས་མཁན་ཞིག་ཡིན་པའི་ཆ་ནས། ཁེ་བཟང་རག་ཐབས་བྱ་རྒྱུ་དམིགས་ཡུལ་དུ་བྱས་ནས་སྨན་བཅོས་འགན་སྲུང་གི་ཐོབ་ཐང་ལོངས་སུ་སྤྱོད་པའི་གོ་སྐབས་སྤྱད་དེ། ཚད་ལས་བརྒལ་བའི་ངང་སྨན་བཅོས་འགན་སྲུང་གི་སྨན་རྫས་ཉོས་པ་དང་འབྲེལ་བརྒྱུད་ཚོང་བྱས་པས། རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཐེབས་རྩར་གྱོང་གུན་བཟོས་པ་མ་ཟད། གྲངས་འབོར་ཧ་ཅང་ཆེ་བས་དེའི་བྱ་སྤྱོད་ནི་གཡོ་ལེན་བྱས་པའི་ཉེས་པར་གྲུབ་ཅིང་ཁྲིམས་ལྟར་ཆད་པ་གཅོད་དགོས། གྱོད་གཞི་འདིའི་ཁྲིམས་ཆད་ཀྱིས་སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུར་ཕན་ཞིང་། འགན་སྲུང་ནང་ཞུགས་མཁན་གྱིས་ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་སྲུང་གི་ཐོབ་ཐང་སྤྱོད་རྒྱུར་ཉེན་བརྡ་ཡང་བཏང་ཡོད།
གྱོད་དཔེ་གཉིས་པ། སྨན་བཅོས་འགན་སྲུང་བྱང་བུ་སྤྱད་ནས་སྨན་རྫས་ཉོས་ཏེ་ཚོང་ལོག་བརྒྱབ་པས་མི་མང་པོར་ཁྲིམས་ཆད་ཕོག
2020ལོའི་ཟླ་བདུན་པར། ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་སུ་ཁྲིམས་འགལ་ངང་སྨན་རྫས་གཉེར་སྐྱོང་བྱེད་པའི་ཁེ་ཕན་གྱི་འབྲེལ་ཐག་ངན་པ་ཞིག་ཕྱིར་ཐོན་པ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་འདིའི་ནང་ཞུགས་མཁན་མང་པོ་ཞིག་ལ་ཁྲིམས་ཆད་ཕོག་ཡོད།
2019ལོའི་ཟླ་དང་པོར་གཞན་གྱིས་ངོ་སྤྲོད་བྱས་པ་བརྒྱུད། ངལ་ལས་མཚམས་སྦྱོར་བྱེད་མཁན་ཚང་ཆེ་གེ་མོ་དང་མིན་ཆེ་གེ་མོ་གཉིས་ཀྱིས་མི་གཞན་གྱིས་མཚམས་སྦྱོར་ལ་བརྟེན་ནས་ལིས་ཆེ་གེ་མོ་ངོ་ཤེས་པ་དང་། ལིས་ཆེ་གེ་མོས་ཁོ་གཉིས་ལ“ཕྱུག་འགྱུར”གྱི་ཐབས་ལམ་ཞིག་བསླབས་པ་སྟེ། “མི་སྐོར་ཞིག་ལ་ལག་དངུལ་མཁོ་དྲགས་པས་རང་དགར་བསྐྱུར་བའི་སྨན་བཅོས་འགན་སྲུང་བྱང་བུ་ཁྱེར་ཏེ་ལག་དངུལ་དང་བརྗེ་བཞིན་ཡོད་པས། ཁྱོད་གཉིས་ཀྱིས་བཟོ་ལས་གླིང་ཁུལ་དུ་བརྡ་ཁྱབ་ཆུང་ངུ་ཞིག་སྤེལ་ཏེ་བྱང་བུ་བསྡུ་ཆོག”ཅེས་བཤད། ཁོ་གཉིས་ཀྱིས་ཚོང་ལས་ཀྱི་གོ་སྐབས་དེ་རྟོགས་རྗེས་ལིས་ཆེ་གེ་མོའི་ཚབ་བྱས་ནས་བྱང་བུ་བསྡུ་ལེན་བྱས་ཏེ། དེའི་ཁྲོད་ནས་ཁེ་བཟང་རག་ཐབས་བྱུང་།
བར་མི་ཞིག་ཡིན་པའི་ཆ་ནས། ལིས་ཆེ་གེ་མོས་ཚང་ཆེ་གེ་མོ་དང་མིན་ཆེ་གེ་མོའི་ས་ནས་བསྡུས་པའི་སྨན་བཅོས་འགན་སྲུང་བྱང་བུ་རྣམས་ཏེན་ཆེ་གེ་མོའི་ལག་ཏུ་བརྒྱུད་སྤྲོད་བྱས་པ་རེད། ལིས་ཆེ་གེ་མོས་ཏེན་ཆེ་གེ་མོར་རང་ཉིད་ལ་གཞན་གྱི་སྨན་བཅོས་འགན་སྲུང་བྱང་བུ་ལེན་ཐུབ་པའི་ཐབས་ལམ་ཡོད་ཅིང་། བྱང་བུའི་ནང་གི་དངུལ་ལྷག་མ་རྣམས་བཅུ་ཆ་དྲུག་བཅག་ནས་ཏེན་ཆེ་གེ་མོར་བཙོངས་ཆོག་པས། ཏེན་ཆེ་གེ་མོས་སྨན་ཁང་དུ་སོང་ནས་རང་ཉིད་ཀྱི་ཀུང་སིའི་སྨན་ཉོ་སྒྲུབ་བྱེད་པའི་ཐད་སྤྱད་ཆོག་ཅེས་བཤད་པ་རེད།
དེ་ལྟར་བྱས་ན་གཅིག་གོ་གཉིས་ཆོད་ཡིན་ཏེ། ཏེན་ཆེ་གེ་མོར་ཕྱི་ནས་ཁེ་བཟང་རག་པ་མ་ཟད། ལས་ཁུངས་ནང་གི་ལས་ཀའི་གྲུབ་འབྲས་ཀྱི་དམིགས་ཚད་ཀྱང་ལེགས་འགྲུབ་བྱུང་ཡོད། དེ་བས་ཁོ་གཉིས་ཁ་མཐུན་ནས“མཁོ་སྤྲོད་བྱང་བུ+སྨན་སྦྱོར”གྱི“ཚོང”རྒྱག་མགོ་བརྩམས་པ་རེད། དེ་ལྟར་ལིས་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་ངང་སྨན་རྫས་བཙོངས་པའི་རིན་གོང་སྒོར་འབུམ་གཅིག་དང་ཁྲི་གཅིག་ལྷག་ཟིན་ཡོད།
ཞིབ་དཔྱོད་ལས་ཁུངས་ཀྱིས། ལིས་ཆེ་གེ་མོ་དང་ཏེན་ཆེ་གེ་མོ། ཚང་ཆེ་གེ་མོ། མིན་ཆེ་གེ་མོ་སོགས་ཀྱིས་རྒྱལ་ཁབ་ཀྱི་སྨན་རྫས་དོ་དམ་གྱི་གཏན་འབེབས་དང་འགལ་ཏེ། ཁྲིམས་འགལ་གྱིས་སྨན་རྫས་བདག་གཉེར་བྱས་ཤིང་ཚོང་རའི་སྒྲིག་ལམ་དཀྲུགས་ཡོད་པས། ཁྲིམས་འགལ་ངང་བདག་གཉེར་བྱས་པའི་བྱས་ཉེས་ཀྱི་ངོས་ནས་དེའི་ཉེས་འགན་རྩད་གཅོད་བྱ་དགོས་པའི་ངོས་འཛིན་བྱས་ཡོད། མཐར་ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་ཞིབ་དཔྱོད་ཁང་གིས་གཞུང་གཏུག་བྱས་པ་བརྒྱུད། ལིས་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་ངང་བདག་གཉེར་བྱས་པའི་དབང་གིས་སོ་སོར་དུས་བཀག་བཙོན་འཇུག་ཟླ་བ་བདུན་ནས་བཙན་ཉར་ལས་སྐུལ་ཟླ་བ་དྲུག་བར་ལྕི་ཡང་མི་འདྲ་བའི་ཉེས་ཆད་བཅད་པ་དང་ཆབས་ཅིག སོ་སོར་སྒོར་ཁྲི་གཉིས་ནས་སྒོར་ཁྲི་གཅིག་བར་མང་ཉུང་མི་འདྲ་བའི་དངུལ་ཆད་བཅད་པ་རེད།
ཁྲིམས་རྩོད་པ་ཀྲང་ཡུས་ཕིན་གྱིས། གྱོད་དཔེ་དེའི་ནང་གི་ཁྲིམས་འགལ་ངང་བདག་གཉེར་བྱས་པའི་ཉེས་པ་ཞེས་པ་ནི་རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགལ་ཏེ། ཁྲིམས་འགལ་ངང་བདག་གཉེར་བྱས་ཏེ་ཁྲོམ་རའི་སྒྲིག་ལམ་དཀྲུགས་པའི་ཉེས་ཚབས་ཆེ་བའི་བྱ་སྤྱོད་ལ་ཟེར་གྱིན་ཡོད་གསུངས་པ་རེད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་རྫས་དོ་དམ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ང་གཅིག་པའི་ནང་། “སྨན་རྫས་སྡེབ་འཚོང་གི་བྱེད་སྒོ་སྤེལ་བར། གནས་སའི་ཞིང་ཆེན་ནམ་རང་སྐྱོང་ལྗོངས། ཡང་ན་ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གི་ཆོག་མཆན་ཐོབ་པ་བརྒྱུད། སྨན་རྫས་བདག་གཉེར་བྱེད་ཆོག་པའི་ལག་འཁྱེར་ཡོད་དགོས། སྨན་རྫས་སིལ་འཚོང་བྱེད་སྒོ་སྤེལ་བར། གནས་སའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གི་ཆོག་མཆན་ཐོབ་པ་བརྒྱུད། སྨན་རྫས་བདག་གཉེར་བྱེད་ཆོག་པའི་ལག་འཁྱེར་འཐོབ་དགོས། སྨན་རྫས་བདག་གཉེར་བྱེད་ཆོག་པའི་ལག་འཁྱེར་མེད་ན་སྨན་རྫས་བདག་གཉེར་བྱ་མི་ཆོག”ཅེས་གཏན་འབེབས་བྱས་ཡོད།
གོང་གསལ་གྱི་གཏན་འབེབས་དེ་དག་ལས་རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་སྨན་རྫས་བྲིན་ཚོང་གི་བྱ་སྤྱོད་སྤེལ་རྒྱུར་བླང་བྱ་བཏོན་པ་དང་། སྡེབ་ཚོང་ངམ་སིལ་ཚོང་གང་ཞིག་ཡིན་རུང་ཚང་མར་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གི་ཆོག་མཆན་ཐོབ་ནས་སྨན་རྫས་བདག་གཉེར་བྱེད་ཆོག་པའི་ལག་འཁྱེར་ཡོད་དགོས་ཤིང་། གལ་ཏེ་སྨན་རྫས་བདག་གཉེར་བྱེད་ཆོག་པའི་ལག་འཁྱེར་མེད་པར་སྨན་རྫས་ཕྱིར་འཚོང་བྱས་ན། ཁྲིམས་འགལ་ངང་བདག་གཉེར་བྱེད་པའི་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་པས། ཉེས་ཚབས་ཆེ་རིགས་ལ་ཉེས་འགན་རྩད་གཅོད་བྱེད་རྒྱུ་ཡིན་པ་རེད།
སྨན་བཅོས་འགན་སྲུང་མ་དངུལ་གྱི་འབྲེལ་ཡོད་གྱོད་གཞིའི་ཁྲོད། ཁྲིམས་འགལ་ངང་བདག་གཉེར་བྱེད་པའི་ཞིབ་ཕྲའི་མངོན་སྟངས་ནི། སྨན་བཅོས་འགན་སྲུང་སྨན་རྫས་ཀྱི་ཚོང་ལོག་རྒྱག་པའི་ཁྲིམས་འགལ་ཉེས་གསོག་པ་མང་ཆེ་བ་དེ་སྨན་རྫས་བདག་གཉེར་བྱེད་ཆོག་པའི་འཛིན་ཡིག་མེད་པའི་མི་སྒེར་ཤ་སྟག་རེད། སྐབས་འདིར་སྨན་རྫས་ཀྱི་ཚོང་ལོག་རྒྱག་མཁན་དེ་རྒྱལ་ཁབ་ཀྱི་སྨན་རྫས་དོ་དམ་གྱི་གཏན་འབེབས་ལས་འགལ་བའི་ཁོངས་སུ་གཏོགས་པས། ཁྲིམས་འགལ་ངང་སྨན་རྫས་བདག་གཉེར་བྱེད་པའི་རིགས་ཏེ། ཉེས་ཚབས་ཆེ་རིགས་ལ་ཁྲིམས་འགལ་ངང་བདག་གཉེར་བྱེད་པའི་ཉེས་པའི་ཐོག་ནས་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་ཆོག
གྱོད་དཔེ་གསུམ་པ། མི་ལྔ་ཡིས་གཞན་གྱི་སྨན་བཅོས་འགན་སྲུང་བྱང་བུ་རྐུ་སྤྱོད་བྱས་པས་ཁྲིམས་ཆད་ཕོག་པ།
2021ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་བར། ཏུང་ཆེ་གེ་མོར་དྲ་ཐོག་ནས་མཁོ་འདོན་བྱས་པའི་སྨན་བཅོས་འགན་སྲུང་བྱང་བུའི་རྩིས་ཐོའི་ཨང་གྲངས་དང་གསང་གྲངས་ཐོབ་རྗེས། ཝུའུ་ཆེ་གེ་མོ་དང་ལིན་ཆེ་གེ་མོ། ཞུས་ཆེ་གེ་མོ། ལིས་ཆེ་གེ་མོ་བཅས་མི་བཞི་ལ་སྨན་བཅོས་འགན་སྲུང་གི་རྩིས་ཐོའི་ཨང་གྲངས་དང་གསང་གྲངས་སྤྱོད་པར་ངན་སྐུལ་བྱས་ཏེ། ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དང་། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་གྱི་སྨན་རྫས་ཚོང་ཁང་མང་པོ་ནས་སྨན་རྫས་སྣ་ཚོགས་ཉོས་ཤིང་། ཁྱོན་བསྡོམས་པས་རྐུ་སྤྱོད་བྱས་པའི་འགན་བཅོལ་ནང་ཞུགས་མཁན་བཅུ་གཉིས་ཀྱི་སྨན་བཅོས་འགན་སྲུང་མ་དངུལ་རིམ་རྩིས་བྱས་ན་སྒོར་ཁྲི་དྲུག་དང་སྟོང་བརྒྱད་ཙམ་ཟིན་ཡོད།
གྱོད་གཞི་དེ་ཡོངས་བསྒྲགས་ངང་ཞིབ་གཅོད་བྱས་རྗེས། ཁྲིམས་ཁང་གིས་ཁྲིམས་ཐག་བཅད་དེ་ཏུང་ཆེ་གེ་མོས་ཁྲིམས་འགལ་ངང་བདག་འཛིན་བྱ་རྒྱུ་དམིགས་ཡུལ་དུ་བྱས་ཏེ། མི་གཞན་དང་མཉམ་དུ་སྨན་བཅོས་འགན་སྲུང་བྱང་བུ་བརྐུ་སྤྱོད་ཀྱིས་རྒྱུ་ནོར་བརྐུས་པ་དང་། གྲངས་འབོར་ཧ་ཅང་ཆེ་བས་དེའི་བྱ་སྤྱོད་དེ་རྐུ་འཁྱེར་གྱི་ཉེས་པ་ཡིན་པར་ངོས་འཛིན་བྱས་འདུག ཝུའུ་ཆེ་གེ་མོ་དང་ལིན་ཆེ་གེ་མོ། ལིས་ཆེ་གེ་མོ། ཞུས་ཆེ་གེ་མོ་བཅས་ཀྱིས་མི་གཞན་གྱི་ངན་སྐུལ་དང་བཀོད་སྒྲིག་འོག ཁྲིམས་འགལ་ངང་བདག་འཛིན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ་སྨན་བཅོས་འགན་སྲུང་བྱང་བུ་བརྐུ་སྤྱོད་ཀྱིས་རྒྱུ་ནོར་བརྐུས་པའི་བྱ་སྤྱོད་ཚང་མ་རྐུ་འཁྱེར་གྱི་ཉེས་པར་གྲུབ་ཡོད། ཞུ་སྦྱོར་ཕྱི་མ་ལྔ་བོ་སོ་སོར་དུས་བཀག་བཙོན་འཇུག་ལོ་གསུམ་ནས་ཟླ་བདུན་བར་བྱ་རྒྱུ་མ་ཟད་མི་དམངས་ཤོག་སྒོར་སྟོང་གཅིག་ནས་སྟོང་ལྔའི་བར་གྱི་དངུལ་ཆད་བཅད་ཡོད་པ་རེད།
ཁྲིམས་རྩོད་པ་ཀྲང་ཡུས་ཕིན་གྱིས། མི་གཞན་གྱི་སྨན་བཅོས་འགན་སྲུང་རྩིས་ཁྲའི་མ་དངུལ་རྫུན་སྤྱོད་བྱེད་པའི་བྱ་སྤྱོད་ཀྱི་ངོ་བོ་གཏན་འཁེལ་བྱེད་པར་སྨན་བཅོས་འགན་སྲུང་རྩིས་ཁྲའི་མ་དངུལ་གྱི་ངོ་བོ་ལ་དབྱེ་བ་འབྱེད་དགོས། རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་ཐེབས་རྩ་ནི་གཅིག་གྱུར་འཆར་འགོད་ཀྱི་ཐེབས་རྩ་དང་མི་སྒེར་གྱི་རྩིས་ཁྲ་གཉིས་ལས་གྲུབ་ཡོད་ཅིང་། གཅིག་གྱུར་འཆར་འགོད་ཀྱི་རྩིས་ཁྲའི་མ་དངུལ་དེར་སྨན་བཅོས་འགན་བཅོལ་ལྟེ་གནས་ཀྱིས་དོ་དམ་བྱེད་པ་དང་། འགན་བཅོལ་ནང་ཞུགས་མཁན་གྱི་འགྲོ་གྲོན་དེ་ས་གནས་དེ་གའི་སྨན་བཅོས་འགན་སྲུང་གི་འགྲོ་སོང་རྩིས་ཞུའི་ཆ་རྐྱེན་དང་མཐུན་ན། གཅིག་གྱུར་འཆར་འགོད་ཀྱི་རྩིས་ཁྲའི་ཐོག་ནས་སྤྲོད་དགོས་པ་དང་། རྩིས་ཁྲའི་མ་དངུལ་དེ་འགན་བཅོལ་ནང་ཞུགས་མཁན་མི་སྒེར་གྱི་རྒྱུ་ནོར་གྱི་ཁོངས་སུ་མི་གཏོགས་པས། གལ་སྲིད་མི་གཞན་གྱི་སྨན་བཅོས་འགན་སྲུང་བྱང་བུ་རྫུས་སྤྱོད་བྱས་ཏེ། སྨན་བཅོས་དང་སྨན་ཁང་དུ་སྡོད་པ་སོགས་ཀྱི་རྒྱུ་ཆ་རྫུན་བཟོ་བྱས་ནས་སྨན་བཅོས་འགན་སྲུང་གི་མ་དངུལ་རྩིས་ཞུ་གཡོ་ལེན་བྱས་ཚེ། གཡོ་ལེན་བྱས་པའི་ནག་ཉེས་སུ་བརྩིས་ཏེ་ཐག་གཅོད་བྱེད་ཆོག་ཅེས་གསུངས་པ་རེད།
མི་སྒེར་གྱི་རྩིས་ཁྲའི་མ་དངུལ་དེ་དམིགས་བཙུགས་སྨན་བཅོས་ལས་ཁུངས་སམ། ཡང་ན་དམིགས་བཙུགས་སྨན་རྫས་སིལ་འཚོང་ཁང་དུ་མ་གཏོགས་གཏོང་སྤྲོད་བྱ་མི་ཐུབ་ལ། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་དང་། ནད་བརྟག་སྨན་བཅོས་རྣམ་གྲངས་ཀྱི་ཁྱབ་ཁོངས། སྨན་བཅོས་ཞབས་ཞུའི་སྒྲིག་བཀོད་ཀྱི་ཚད་གཞིས་གཏན་འབེབས་བྱས་པའི་རྣམ་གྲངས་ཁྱབ་ཁོངས་བཅས་ཀྱི་སྨན་བཅོས་འགྲོ་གྲོན་དང་མཐུན་དགོས། རྩ་དོན་ཐོག་ལག་དངུལ་ལེན་མི་ཆོག་པ་དང་། བེད་སྤྱོད་བྱེད་པར་ཚད་བཀག་ཡོད་ཀྱང་དེའི་བཅའ་ཁྲིམས་ཀྱི་ངོ་བོའི་ཐད་ལ《གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》ནང“མི་སྒེར་གྱི་རྩིས་ཁྲའི་མ་དངུལ་དང་སྐྱེད་ཀ་སྒེར་ལ་དབང་བ་ཡིན་པས་བེད་སྤྱོད་དང་ཤུལ་འཛིན་བྱ་རྒྱུར་རྩིས་ཁུངས་སྤོས་ཆོག”ཅེས་གཏན་འབེབས་བྱས་ཡོད།
གྱོད་དཔེ་འདིའི་ནང་གི་རྐུ་འཁྱེར་གྱི་ཉེས་པ་ཞེས་པ་ནི་གསང་བའི་ངང་རྐུ་བྱེད་པའི་བྱ་ཐབས་ལ་བརྟེན་ནས། ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བདག་འཛིན་བྱེད་པའི་བྱ་སྤྱོད་ལ་ཟེར། དེའི་ནང་གོ་དོན་གཉིས་ཡོད་པ་སྟེ། གཅིག་ནི་མི་གཞན་གྱི་འདོད་བློ་དང་འགལ་ནས་མི་གཞན་གྱི་རྒྱུ་ནོར་བདག་གིར་འཛིན་པ་དང་། གཉིས་ནི་རྐུ་འཁྱེར་བྱས་པར་གསང་བའི་རང་བཞིན་ལྡན་ཞིང་། མི་གཞན་གྱིས་མི་ཤེས་པའི་གནས་ཚུལ་འོག་ལག་བསྟར་བྱས་པ་དེ་ཡིན། གྱོད་གཞི་འདིའི་ནང་མི་གཞན་གྱི་མིང་ཙམ་རྫུན་སྤྱོད་བྱས་ནས་སྨན་བཅོས་འགན་སྲུང་གི་སྨན་རྫས་ཐོབ་པ་ཞིག་ཡིན་མོད། འོན་ཀྱང་མི་སྒེར་གྱི་རྩིས་ཁྲའི་མ་དངུལ་རྐུ་སྤྱོད་བྱས་ཏེ་སྨན་རྫས་ཚོང་ཁང་དུ་སྨན་རྫས་ཉོས་པའི་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་པས། མི་སྒེར་གྱི་རྒྱུ་ནོར་གྱི་བདག་དབང་ལ་བཙན་གནོད་བྱས་པ་ཡིན་ལ། གསང་བའི་བྱ་ཐབས་སྤྱད་དེ་མི་གཞན་གྱི་རྒྱུ་ནོར་བརྐུས་པའི་ཁོངས་སུ་གཏོགས་པས། མཐར་ཁྲིམས་ཁང་གིས་རྐུ་འཁྱེར་གྱི་ཉེས་པའི་ཐོག་ནས་ཉེས་ཆད་གཅོད་རྒྱུའི་གཏན་འཁེལ་བྱས་ཡོད།།
རྩོམ་སྒྲིག་པ། འབྲུག་མོ།