རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་བྱེད་ཐབས་བཅུ་ཡིད་ལ་བརྟན་པོར་ངེས་དགོས།
2022.11.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 15

རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དེ་སྔར་བཞིན་ཚང་མས་རྒྱུན་འཁྱོངས་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བ་དམ་པོར་འཛིན་དགོས། རང་གིས་རང་ལ་དོགས་ཟོན་བྱེད་པའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཟང་པོ་བྱེད་དགོས།

གཤམ་གྱི་བྱེད་ཐབས་བཅུ་ཡིད་ལ་བརྟན་པོར་ངེས་དགོས་པ་སྟེ།

དང་པོ། ལྷོད་གཡེང་དང་སྣང་མེད་མི་བྱེད་པ།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་ནས། ལྷོད་གཡེང་དུ་མི་གཏོང་བ་དང་སྣང་མེད་མི་བྱེད་པར་འགོག་སྲུང་བྱ་བ་བཟང་པོར་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཚེ་གཞི་ནས་པྲོག་གསར་ནད་དུག་མཆེད་པ་སྔོན་འགོག་བྱེད་ཐུབ།

གཉིས་པ། ཁ་ཐུམ་རྒྱག་པ་རྒྱུན་འཁྱོངས་བྱེད་དགོས།

ཚན་རིག་དང་མཐུན་པའི་ཁ་ཐུམ་རྒྱག་རྒྱུ་ནི་དབུགས་ལམ་གྱི་འགོས་ནད་སྔོན་འགོག་བྱེད་པའི་ཆེས་ནུས་ལྡན་གྱི་བྱ་ཐབས་ཤིག་ཡིན། ལྷག་པར་དུ་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དང་མཁའ་རླུང་མི་རྒྱུ་བའི་གནས། སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་སྐབས་བཅས་སུ་ངེས་པར་དུ་ཡང་དག་པའི་ངང་ཁ་ཐུམ་རྒྱག་དགོས།

གསུམ་པ། སྣ་སྦྲིད་རྒྱག་སྐབས་མཉམ་འཇོག་གང་ལེགས་བྱེད་པ།

གློ་ལུ་བ་དང་སྣ་སྦྲིད་རྒྱག་སྐབས་བྱུང་བའི་མཆིལ་ཟགས་གིས་རྒྱུན་པར་ཐད་ཀར་རམ་གཞན་བརྒྱུད་ཀྱིས་ནད་དུག་བགོ་སྲིད། དེའི་ཕྱིར། གློ་ལུ་བ་དང་སྣ་སྦྲིད་རྒྱག་སྐབས་ངེས་པར་དུ་གཙང་ཤོག་དང་ལག་ཕྱིས་ཀྱིས་ཁ་སྣ་འགེབས་དགོས།

བཞི་པ། ལག་པ་གཙང་མར་བཀྲུས་ནས་གཙང་སྦྲར་དོ་སྣང་བྱེད་དགོས།

ལག་པ་གཙང་མར་བཀྲུ་བ་དང་གཙང་སྦྲར་དོ་སྣང་བྱེད་པ་ནི་ལུས་ཕུང་བདེ་ཐང་ཡོང་བ་ཁག་ཐེག་བྱེད་པའི་ཆེས་གལ་ཆེ་བའི་ཐབས་ལམ་ཡིན། ཟ་མ་མ་ཟོས་སྔོན་དང་སྤྱོད་ཁང་དུ་བུད་རྗེས་དང་། ཕྱི་རོལ་གྱི་དངོས་རྫས་ལ་རེག་རྗེས། མིག་དང་ཁ་སྣ་ལ་རེག་ཐུག་མ་བྱས་གོང་བཅས་ལ། ལག་པ་ངེས་པར་དུ་གཙང་མར་བཀྲུ་བའི་ཐབས་ལམ་བདུན་སྤྱད་ནས་བཀྲུ་བ་དང་། འདག་རྫས་(ལག་པ་བཀྲུ་བའི་གཤེར་ཁུ)དང་བཞུར་ཆུས་དུས་ཚོད་སྐར་ཆ་ཉི་ཤུ་ཙམ་ལ་བཀྲུ་དགོས།

ལྔ་པ།  རྒྱུན་པར་ཁང་བའི་ནང་མཁའ་རླུང་རྒྱུ་རུ་འཇུག་དགོས།

ཁང་བའི་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ་དང་། ཁང་བའི་ནང་གི་མཁའ་དབུགས་འཁོར་རྒྱུག་བྱེད་པ་རྒྱུན་སྲུང་བྱས་ན། མཁའ་དབུགས་ཁྲོད་ནད་དུག་དང་ཕྲ་སྲིན་གྱི་འདུས་ཚད་ཇེ་དམར་གཏོང་ཐུབ་པ་དང་། ནད་རིགས་འགོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། ཉིན་རེར་ཐེངས་གཉིས་ནས་གསུམ་ཙམ་ལ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ་དང་། ཐེངས་རེར་སྐར་མ་20-30དང་། ལྷག་པར་དུ་མཁའ་རླུང་མི་རྒྱུ་བའི་དྲོད་སྙོམ་ཁང་པའི་ནང་དུ་ངེས་པར་དུ་དུས་ལྟར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་དགོས།

དྲུག་པ།  སྨི་གཅིག་ལྷག་གི་བར་ཐག་འཇོག་དགོས།

དབུགས་ལམ་གྱི་འགོས་ནད་དེ་གཙོ་བོ་དབུགས་ལམ་དང་བར་ཐག་ཉེ་བའི་མཆིལ་ཟགས་ལས་མཆེད་པ་ཡིན་པས། སྨི་གཅིག་ཡན་གྱི་འབྲེལ་འདྲིས་བར་ཐག་ངེས་ཅན་ཞིག་བཞག་ནས་ནད་དུག་འགོ་བ་སྔོན་འགོག་བྱེད་དགོས། སྨི་གཅིག་གི་བར་ཐག་འཇོག་པ་དང་། འགྲོ་སྐྱོད་བྱེད་སྐབས་འཚང་ཁ་མི་རྒྱག་པར། བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱས་ན། རང་གཞན་ཚང་མར་ཕན་ཐོགས་ཡོད་པ་རེད།

བདུན་པ།  ཕྱི་ལ་མི་འགྲོ་བ་དང་མཉམ་འཛོམས་མི་བྱེད་པ།

མི་མང་འདུ་འཛོམས་བྱ་ཡུལ་དུ་མི་མང་བ་དང་འགྲོ་སྐྱོད་མང་བས། གསོལ་སྟོན་དང་འདུ་འཛོམས་བྱས་ཚེ་དབུགས་ལམ་གྱི་འགོ་ནད་མཆེད་སླ་བ་རེད།  དེར་བརྟེན་མི་མང་སར་མི་འགྲོ་བ་དང་། འཚང་ཁ་ཆེ་སར་གཡོལ་ཐབས་བྱེད་དགོས།

བརྒྱད་པ།  རིམས་འགོག་སྨན་ཁབ་རྒྱག་རྒྱུ་ཤིན་ཏུ་གལ་ཆེ།

རིམས་འགོག་སྨན་ཁབ་རྒྱག་པ་ནི་ནད་རིགས་སྔོན་འགོག་བྱེད་པར་ཆེས་གྲོན་ཆུང་དང་། ཆེས་ནུས་ལྡན། ཆེས་སྟབས་བདེ་བཅས་ཀྱི་བྱེད་ཐབས་ཤིག་ཡིན། པྲོག་གསར་ནད་དུག་སྔོན་འགོག་དང་ཚོད་འཛིན་བྱེད་པར་རིམས་འགོག་སྨན་ཁབ་དང་མི་སྒེར་གྱི་འགོག་སྲུང་གཅིག་ཀྱང་ཆད་མི་རུང་། སྨན་ཁབ་རྒྱག་པའི་ཆ་རྐྱེན་དང་མཐུན་པའི་མི་སྣས་པྲོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་བརྒྱབ་ནས་རིམས་འགོག་ལེགས་པོ་བྱེད་དགོས།

དགུ་བ། ཚན་རིག་ལ་དོ་སྣང་བྱས་ནས་རིམས་འགོག་ལ་ཤུགས་སྣོན་དགོས།

བཟའ་བཏུང་གི་འཚོ་བཅུད་དོ་མཉམ་ཡོང་བ་དང་འོས་འཚམས་ཀྱིས་ལུས་རྩལ་སྦྱོང་བརྡར་བྱེད་པ། ཆོས་ཉིད་ལྟར་ངལ་གསོ་བྱེད་པ་རྒྱུན་འཁྱོངས། མཚན་མི་སྐྱེལ་བ་དང་གཉིད་ཀྱིས་འདང་བ། སེམས་ཁམས་བཟང་བོ་རྒྱུན་སྲུང་བཅས་བྱས་ན། མིའི་ལུས་ཕུང་གི་རིམས་འགོག་ནུས་པ་མཐོར་འདེགས་གཏོང་ཐུབ།

བཅུ་བ།  ནད་རྟགས་ཡོད་ན་སྔ་མོར་སྨན་བཅོས་བྱེད་དགོས།

རང་འགུལ་ངང་བདེ་ཐང་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་དགོས། གལ་སྲིད་ཚ་རྒྱག་པ་དང་གློ་ལུ་བ་སོགས་ཀྱི་ནད་རྟགས་ཡོད་ཚེ་དུས་ཐོག་ཏུ་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་བ་དང་། ལམ་བར་དུ་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་མི་འདུག་པ་དང་།  རང་འགུལ་ངང་གར་སོང་གར་བསྡད་ཀྱི་གནས་ཚུལ་གསལ་བོར་བཤད་དགོས་པར་མ་ཟད། སྨན་པའི་བཤད་པ་ལྟར་སྨན་ཁང་དུ་བསྡད་ནས་གྲལ་བཤེར་བྱེད་དགོས།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།