ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་ཡོང་བསྒྲགས་ཚོགས་འདུ་འཚོགས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལེགས་བཅོས་དང་ལེགས་སྒྲིག་ཐད་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན《པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་སྔར་བས་ཇེ་ལེགས་སུ་བཏང་ནས་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་བ་བཟང་བོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཞེས་པ་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་ཁབ་རིམས་ནད་སྔོན་འགོག་ཚོད་འཛིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཁྲང་ཅི་ལི་ཡིས། ལེགས་སྒྲིག་འདི་དག་ནི་ས་ཆ་མང་པོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལག་ལེན་ཉམས་མྱོང་ཕྱོགས་སྡོམ་དང་། འབྲེལ་ཡོད་དཔྱད་གཞིའི་གྲངས་ཀ་གཞིར་བཟུང་ནས་ལེགས་སྒྲིག་བྱས་པ་ཞིག་ཡིན་ཞེས་བསྟན།
༡.འབྲེལ་འདྲིས་དམ་ཟབ་བྱེད་མཁན་མི་སྣའི་དོ་དམ་ཚོད་འཛིན་བྱེད་ཐབས་དེ“ཉིན་ལྔའི་རིང་གི་གཅིག་བསྡུས་ལོགས་བཀར་དང་ཉིན་གསུམ་གྱི་ཁྱིམ་སྡོད་བདེ་ཐང་ཞིབ་བཤེར་ཚད་ལེན”དུ་ལེགས་སྒྲིག་བྱེད་དགོས་དོན་ཅི་ཡིན་ནམ།
ནད་དུག་གི་ངོ་བོ་འགྱུར་བ་དང་བསྟུན་ནས་ནད་རྟགས་ཕྱིར་མི་མངོན་པའི་དུས་ཡུན་རིམ་བཞིན་ཇེ་ཐུང་དུ་གྱུར་བས། ཉིན་ལྔའི་ནང་གདགས་གཤིས་ཡིན་མིན་ཤེས་རྟོགས་ཐུབ་ཚད་ཧ་ཅང་མཐོ་བ་རེད།
གཞན་ཡང་རང་རྒྱལ་ནི་མི་གྲངས་མང་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པས། གཅིག་བསྡུས་ལོགས་བཀར་གྱི་དུས་ཚོད་ཉིན་བདུན་ནས་ཉིན་ལྔ་རུ་བསྒྱུར་ཚེ། སྔོན་དཔག་བྱས་ན་ལོགས་བཀར་ཐོན་ཁུངས་འབོར་ཆེན(ཧ་ལམ་30%)གྲོན་ཆུང་བྱེད་ཐུབ།
དེ་དང་ཆབས་ཅིག་ཨའོ་སྨི་ཁི་རུང་གི་ནད་རྟགས་ཕྱིར་མི་མངོན་པའི་དུས་ཡུན་རིང་ཤོས་ཉིན་བརྒྱད་ཡིན་པས། ཉིན་ལྔ་ཡི་གཅིག་བསྡུས་ལོགས་བཀར་མཇུག་བསྒྲིལ་རྗེས་ཉིན་གསུམ་གྱི་ཁྱིམ་སྡོད་ལོགས་བཀར་ལག་བསྟར་བྱས་ན། ཚད་ཆེས་མཐོ་བའི་སྒོ་ནས་ཉེན་ཁ་སྔོན་འགོག་དང་དོ་དམ་ཚོད་འཛིན་བྱེད་ཐུབ།
༢.བརྒྱུད་འབྲེལ་བྱུང་བའི་མི་སྣར་རྩད་གཅོད་མི་བྱེད་པའི་དོན་ཅི་ཡིན།
དཔྱད་དཔོག་བྱས་པ་ལས་མངོན་པ་ལྟར་ན། བརྒྱུད་འབྲེལ་བྱུང་བའི་མི་ཚོགས་མང་ནའང་ནད་དུག་འགོ་ཉེན་ཧ་ཅང་ཆུང་བས། དུས་ཐོག་ཏུ་འབྲེལ་འདྲིས་དམ་ཟབ་བྱེད་མཁན་རྩད་གཅོད་དང་དོ་དམ་ཚོད་འཛིན་བྱས་ཚེ། བརྒྱུད་འབྲེལ་བྱུང་བའི་མི་སྣ་གདགས་གཤིས་སུ་འགྱུར་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། དེའི་རྒྱུ་མཚན་ནི་གདགས་གཤིས་སུ་འགྱུར་ཚད་ཧ་ཅང་དམའ་བ་དེས་མི་མང་པོ་ཞིག་ལ་དོ་དམ་ཚོད་འཛིན་བྱེད་དགོས་པས་རེད། གནོད་འཚེ་གཉིས་ལས་ཡང་བ་དེ་འདེམ་དགོས་པས་བརྒྱུད་འབྲེལ་བྱུང་བའི་མི་སྣར་རྩད་གཅོད་མི་བྱེད་པ་རེད།
༣.ཉེན་ཁ་འབྲིང་བའི་ཁུལ་དབྱེ་འབྱེད་མི་བྱེད་དོན་ཅི་ཡིན།
དཔྱད་དཔོག་བྱས་པ་ལས་མངོན་པ་ལྟར་ན། ཉེན་ཁ་ཆེ་བའི་ས་ཁུལ་གྱི་གདགས་གཤིས་ཐོན་ཚད་ཉུང་སྟེ་འབུམ་ཆའི3ལས་མེད། འོན་ཀྱང་ཉེན་ཁ་འབྲིང་བའི་ཁུལ་དབྱེ་འབྱེད་གཏན་འཁེལ་བྱས་ཚེ། མི་སྣ་མང་པོར་དོ་དམ་ཚོད་འཛིན་བྱེད་དགོས་པ་དང་། ཕྱིར་སྐྱོད་དང་འཁོར་རྒྱུག་ལ་ཚོད་འཛིན་ཐེབས་ངེས་ཤིང་། དུས་མཚུངས་སུ་གཞི་རིམ་ལས་ཀའི་མི་ཤུགས་འབོར་ཆེན་འཕྲོ་བརླག་ཏུ་འགྲོ་བ་རེད། དེ་བས་ཉེན་ཁ་འབྲིང་བའི་ས་ཁུལ་དབྱེ་འབྱེད་གཏན་འཁེལ་བྱེད་པ་དེ་མེད་པར་བཟོས་པ་རེད།
༤.ཉེན་ཁ་ཆེ་བའི་ས་ཁུལ་ནས་ཡོང་བའི་མི་སྣའི་དོ་དམ་ཚོད་འཛིན་བྱེད་ཐབས་དེ“ཉིན་བདུན་གྱི་ཁྱིམ་སྡོད་ལོགས་བཀར”དུ་ལེགས་སྒྲིག་བྱེད་དོན་ཅི།
དཔྱད་དཔོག་བྱས་པ་ལས་མངོན་པ་ལྟར་ན། ཉེན་ཁ་ཆེ་བའི་ས་ཁུལ་ནས་ཡོང་བའི་མི་སྣ་ལས་གདགས་གཤིས་ཅན་དུ་འགྱུར་ཚད་འབུམ་ཆའི4.9ཡིན་ལ། དེ་དག་ཚང་མ་ཉེན་ཁའི་ས་ཁོངས་དབྱེ་འབྱེད་གཏན་འཁེལ་བྱས་རྗེས་ཀྱི་ཉིན་བདུན་ནང་ཞིབ་བཤེར་བྱེད་ཐུབ། ཉེན་ཁ་ཆེ་བའི་ས་ཁུལ་གྱི་གདགས་གཤིས་ཡིན་པའི་མི་སྣ་ཕྱིར་སླེབས་པ་དེ་གཙོ་བོ་ཉེན་ཁ་ཆེ་བའི་ས་ཁུལ་དབྱེ་འབྱེད་གཏན་འཁེལ་དུས་ཐོག་ཏུ་བྱས་མེད་པ་དང་། ཁྱབ་ཁོངས་ཡང་དག་མིན་པ། གཞོགས་འདེགས་ཞིབ་བཤེར་དུས་ཐོག་ཏུ་བྱེད་ཐུབ་མེད་པ་བཅས་དང་འབྲེལ་བ་ཡོད་པས། རིམས་ནད་བྱུང་བའི་ས་གནས་ཀྱིས་དེ་མ་ཐག་གནད་ལ་འཁེལ་བའི་སྒོ་ནས་ཉེན་ཁ་ཆེ་བའི་ས་ཁུལ་དབྱེ་འབྱེད་བྱས་ཏེ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས།
༥.གདུབ་ཟུམ་གྱི་རྣམ་པས་བྱ་བ་བསྒྲུབས་རྗེས་ཀྱི་ཉེན་ཁ་ཆེ་བའི་ལས་ཞུགས་མི་སྣའི་དོ་དམ་ཚོད་འཛིན་བྱེད་ཐབས་དེ“ཉིན་ལྔའི་རིང་ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན”དུ་ལེགས་སྒྲིག་བྱེད་དོན་ཅི།
དཔྱད་དཔོག་བྱས་པ་ལས་མངོན་པ་ལྟར་ན། གདུབ་ཟུམ་དོ་དམ་མེད་པར་བཟོ་བའི་ཉེན་ཁ་ཆེ་བའི་ལས་གནས་ཀྱི་ལས་ཞུགས་མི་སྣར་འགོས་ནད་ཕོག་པའི་ཉེན་ཁ་ཧ་ཅང་ཆུང་སྟེ། གདགས་གཤིས་ཐོན་ཚད་འབུམ་ཆའི1.6ཡིན། གདུབ་ཟུམ་དོ་དམ་དང་ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་པའི་སྐབས་སུ་ཚད་ལྡན་གྱི་སྒོ་ནས་ཉིང་སྐྱུར་བཤེར་འཇལ་བྱས་ཚེ། དུས་ཐོག་ཏུ་ནད་དུག་འགོས་པའི་ནད་པ་ཤེས་རྟོགས་བྱེད་ཐུབ།
རྒྱལ་ཁབ་རིམས་ནད་སྔོན་འགོག་ཚོད་འཛིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཁྲང་ཅི་ལི་ཡིས། ལེགས་བཅོས་བྱ་ཐབས་ཀྱི་དོན་ཚན་ཉི་ཤུ་བཏོན་པ་དེ་ནི་ལྷོད་གཡེང་དུ་བཏང་བ་མིན་པར། བླང་བྱ་སྔར་ལས་མཐོ་རུ་ཕྱིན་པ་དང་སྔར་ལས་ཚན་རིག་དང་མཐུན་པ། སྔར་ལས་གནད་ལ་འཁེལ་བ། སྔར་ལས་ཚད་ལྡན་ཡིན་པ། སྔར་ལས་མགྱོགས་པ་བཅས་ཀྱི་སྒོ་ནས་རིམས་ནད་ལ་སྔོན་འགོག་ཚོད་འཛིན་བྱས་ཏེ། དོ་དམ་བྱེད་དགོས་པའི་གཙོ་གནད་ཉེན་ཁར་དོ་དམ་དང་། དོན་འཁྱོལ་བྱེད་དགོས་རིགས་དོན་ཐོག་ཏུ་འཁྱོལ་བ། མེད་པར་བཟོ་དགོས་རིགས་མཐའ་གཅིག་ཏུ་མེད་པ་བཟོ་བ་བཅས་བྱས་ནས་ཐོན་ཁུངས་བེད་སྤྱོད་གང་ལེགས་དང་། སྔོན་འགོག་ཚོད་འཛིན་གྱི་ལས་ཕྱོད་མཐོ་རུ་བཏང་སྟེ། སྔར་ལས་ལེགས་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱས་པ་ཞིག་ཡིན་ཞེས་བསྟན་ཡོད།།
ཡིག་སྒྱུར་བ། འབྲུག་མོ།