མིག་སྔར། རྒྱལ་ནང་དུ་པྲོག་གསར་ནད་དུག་གི་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཅན་འབྱུང་བཞིན་ཡོད་པའི་ནང་མང་ཤོས་ནི་ནད་རྟགས་མེད་པའི་ནད་པ་རེད། དེས་ན། ཅི་ཞིག་ལ་ནད་རྟགས་མེད་པའི་ནད་པ་ཟེར་རམ། ནད་རྟགས་མེད་པའི་ནད་པར་འགོས་མཆེད་རང་བཞིན་ཡོད་དམ། སྤྱི་དམངས་རྣམས་ཀྱིས་དུས་རྒྱུན་མཉམ་འཇོག་བྱ་དགོས་ས་གང་དག་ཡོད་དམ་ཞེ་ན། ནད་རྟགས་མེད་པའི་ནད་པའི་སྐོར་གྱི་གནས་ཚུལ་འདི་དག་ལ་ཚང་མས་ངེས་པར་དུ་རྒྱུན་ལོན་གསལ་བོ་ཞིག་བྱེད་དགོས།
གཅིག ཅི་ཞིག་ལ་ནད་རྟགས་མེད་པའི་ནད་པ་ཟེར།
ནད་རྟགས་མེད་པའི་ནད་པ་ནི་པྲོག་གསར་ནད་དུག་གི་ནད་ཁོངས་རིག་པའི་བརྟག་དཔྱད་བྱེད་དུས་གདགས་གཤིས་སུ་མངོན་མོད། འབྲེལ་ཡོད་ཀྱི་ནད་རྟགས་ཏེ། དཔེར་ན་ཚ་རྒྱས་པ་དང་སྐམ་ལུ་བྱེད་པ། ལུས་ཤུགས་མེད་པ། སྣོམ་ཚོར་ཉམས་པ། ཁོག་པ་བཤལ་བ་སོགས་རང་གིས་ཚོར་བའམ་ཡང་ན་ནད་ཐོག་ངོས་འཛིན་ཐུབ་པའི་ནད་རྟགས་དང་ལུས་རྟགས། དེ་མིནCTབརྙན་པར་རིག་པའི་བརྟག་དཔྱད་ལས་པྲོག་གསར་གློ་ཚད་ཀྱི་བརྙན་པར་རིག་པའི་བརྟག་དཔྱད་ཀྱི་ཁྱད་རྟགས་མེད་མཁན་ལ་ཟེར།
གཉིས། ནད་རྟགས་མེད་པའི་ནད་པ་དེ་ཇི་ལྟར་ཤེས་པ་ཡིན།
ནད་རྟགས་མེད་པའི་ནད་པ་ནི་གཙོ་བོ་འབྲེལ་འདྲིས་དམ་ཟབ་བྱེད་མཁན་དང་བརྒྱུད་འབྲེལ་མཁན། ཕྱི་ནས་ཡོང་བའི་མི། ཉེན་ཁ་ཆེ་བའི་ལས་རིགས་ཀྱི་མི་ཚོགས། གཙོ་གནད་ལས་ཁུངས་དང་མི་ཚོགས་འདུ་འཛོམས་བྱེད་སའི་མི་སྣ། སྡོད་ཁུལ་དོ་དམ་མི་ཚོགས་ཀྱི་ཁོངས་སུ་བཞག་པའི་ཉིང་སྐྱུར་བཤེར་འཇལ་དང་འགོས་མཆེད་ཁུངས་འདེད། འགོས་ནད་རིག་པའི་བརྟག་དཔྱད། ས་ཁོངས་མི་ཚོགས་ཀྱི་རང་རྟོགས་ཞིབ་བཤེར་སོགས་བརྒྱུད་ནས་ཤེས་པ་རེད།
གསུམ། ནད་རྟགས་མེད་པའི་ནད་པས་ཀྱང་ནད་དུག་གཞན་ལ་བགོ་སྲིད།
ནད་རྟགས་མེད་པའི་ནད་པར་འགོས་མཆེད་རང་བཞིན་ཡོད་དེ། གཙོ་བོ་དབུགས་ལམ་གྱི་མཆིལ་ཟེགས་དང་ཐུག་རེག་བྱས་པ་ལས་གཞན་ལ་བགོ་བ་རེད།
༡ འགོས་མཆེད་ཀྱི་མི་མངོན་པའི་རང་གཤིས།
ནད་རྟགས་མེད་པའི་ནད་པར་ནད་རྟགས་གསལ་བོ་ཅི་ཡང་མེད་པས་དེ་མི་ཚོགས་ཁྲོད་དུ་ཡོད་པ་ཤེས་དཀའ་བ་དང་། ནད་རྟགས་མེད་པའི་ནད་པའི་འགོས་མཆེད་ཅུང་སྔོན་འགོག་བྱེད་དཀའ་བ་རེད།
༢ སྨན་བཅོས་བྱེད་པར་རང་རྟོགས་མེད་པ།
ནད་རྟགས་མེད་པའི་ནད་པའི་ནད་རྟགས་ཡང་བའམ་གསལ་བོ་མིན་པས། ནད་འགོས་ཡོད་པའི་ནད་པས་རང་ཉིད་ལ་པྲོག་གསར་ནད་དུག་འགོས་མེད་པར་འདོད་དེ། རང་རྟོགས་སྒོས་སྨན་བཅོས་ལས་ཁུངས་སུ་སོང་ནས་སྨན་བཅོས་མི་བྱེད་པ་རེད།
༣ ཤེས་དཀའ་བ།
བརྟག་དཔྱད་དུས་ཡུན་ཡོད་པས། ཉིང་སྐྱུར་བཤེར་འཇལ་དང་དྭངས་ཁྲག་རིག་པའི་བཤེར་འཇལ་ཐབས་ལམ་ལས་ནད་རྟགས་མེད་པའི་ནད་པ་ཡོད་ཚད་ཤེས་དཀའ་བ་དང་། ད་ཡོད་ཀྱི་ནད་རྟགས་མེད་པའི་ནད་པ་རྣམས་གཙོ་བོ་ནད་པར་འབྲེལ་འདྲིས་དམ་ཟབ་བྱེད་མཁན་བརྒྱུད་དེ་རང་རྟོགས་སྒོས་ཞིབ་བཤེར་དང་འགོ་ཁུངས་བརྟག་དཔྱད། འདུ་ཚོགས་རང་བཞིན་གྱི་རིམས་ནད་བརྟག་དཔྱད་དང་ཉེན་ཁ་ཆེ་བའི་མི་སྣར་རང་རྟོགས་སྒོས་བརྟག་དཔྱད་བྱས་ཏེ་ཤེས་པ་རེད།
བཞི། ནད་རྟགས་མེད་པའི་ནད་པ་ཇེ་མང་དུ་འགྲོ་བའི་རྒྱུ་རྐྱེན།
༡ པྲོག་གསར་ནད་དུག་ལ་འགྱུར་ལྡོག་ཟམ་མ་ཆད་པར་འབྱུང་བཞིན་འདུག ད་ལྟ་མཆེད་བཞིན་པའི་ཨོ་སྨི་ཁི་རོང་རྒྱུད་འགྱུར་དུག་རྐང་འགོས་སླ་ནའང། ནད་དུག་ལྟོས་བཅས་ཀྱིས་གཉོམ་པས་ནད་རྟགས་མངོན་ཚུལ་ཡང་ལྟོས་བཅས་ཀྱིས་ཡང་། དེ་བས་མི་མང་པོར་འགོས་ནའང་ནད་རྟགས་མངོན་གྱིན་མེད།
༢ གཞི་ཁྱོན་ཆེ་བའི་མི་ཚོགས་ལ་འགོག་ཁབ་བརྒྱབ་ཡོད་མེད་ལ་འབྲེལ་བ་ཡོད་དེ། ད་ལྟ་མི་མང་པོར་འགོག་ཁབ་བརྒྱབ་ཡོད་པས་འགོག་ཁབ་བརྒྱབ་རྗེས་ལུས་ཕུང་གི་རིམས་འགོག་ནུས་པ་ཆེར་སོང་ནས། ནད་དུག་འགོས་ནའང་ལྟོས་བཅས་ཀྱིས་ནད་རྟགས་འགའ་ཤས་ཕྱིར་མངོན་མི་ཐུབ་པས། འགོག་ཁབ་བརྒྱབ་ན་ཧ་ཅང་ཕན་པ་ཆེན་པོ་ལྡན།
༣ སྔ་མོ་ནས་ངོས་འཛིན་བྱེད་པར་འབྲེལ་བ་ཡོད། རིམས་འགོག་སྡེ་ཁག་གིས་མགྱོགས་མྱུར་སྒོས་འཚག་བཤེར་བྱས་ནས་ནད་དུག་འགོས་ཡོད་པ་ཤེས་པ་དེས། ནད་དུག་འགོས་ནས་ནད་རྟགས་མངོན་མེད་པའི་གནས་སྐབས་ལ་ཤེས་རྟོགས་བྱུང་བ་རེད། ནད་ཁུངས་འདེད་པའི་བྱ་བ་ཇི་ལྟར་ཞིབ་ན། ནད་དུག་འགོས་ཡོད་པའི་མིའི་འགྲོ་སྐྱོད་ཀྱི་གནས་ཚུལ་སྔ་མོ་ནས་ཐག་གཅོད་ཐུབ་ཅིང་། རིམས་ནད་འགོ་བའང་དུས་ཐོག་ཏུ་ཚོད་འཛིན་བྱ་ཐུབ། ནད་རྟགས་ཕྱིར་མངོན་མེད་པའི་ནད་པ་ནི་སྔ་མོ་ནས་ཚོད་འཛིན་བྱེད་དགོས་པའི་མི་ཚོགས་ཡིན།
ལྔ། ནད་རྟགས་མེད་པའི་ནད་པར་སྨན་བཅོས་བྱ་དགོས་སམ།
མིག་སྔར། ནད་རྟགས་མེད་པའི་ནད་པར་དམིགས་བསལ་གྱི་སྨན་བཅོས་བྱེད་མི་དགོས་པར། གཅིག་བསྡུས་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་བྱས་ན་ཆོག ནད་རྟགས་མེད་པའི་ནད་པར་གཅིག་བསྡུས་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་བྱེད་པའི་སྐབས་སུ། གནས་ཚུལ་ལྟར་ཁྲག་གི་རྒྱུན་སྲོལ་བརྟག་དཔྱད་དང་། CTབརྙན་པར་རིག་པའི་བརྟག་དཔྱད། འགོག་ནུས་བརྟག་དཔྱད་བཅས་བྱ་དགོས། གལ་ཏེ་འབྲེལ་ཡོད་ནད་རྟགས་བྱུང་ནས། གཏན་ཁེལ་ནད་པའི་ཚད་ལ་སླེབས་ན་ནད་རྟགས་ངོས་འཛིན་བྱས་ནས་གཏན་ཁེལ་ནད་པར་ངོས་འཛིན་པ་དང་། གཏན་འཁེལ་ནད་པ་ལྟར་སྨན་བཅོས་དོ་དམ་བྱེད་དགོས།
ནད་རྟགས་མེད་པའི་ནད་པར་ནད་རྟགས་གསལ་བོ་མེད་ནའང་། འགོས་མཆེད་རང་བཞིན་ལྡན་པ་མ་ཟད་མི་མངོན་པའི་རང་བཞིན་ལྡན་པ་རེད། ཆེད་མཁས་པས་གསལ་འདེབས་བྱ་རྒྱུར། མང་ཚོགས་ཀྱིས་རྒྱུན་ལྡན་འཚོ་བའི་ཁྲོད་དུ། ལྷོད་གཡེང་མེད་པར་ཉེན་ཟོན་བྱ་དགོས་ཤིང་། མུ་མཐུད་དུ་རང་སྲུང་ལ་ཤུགས་སྣོན་དགོས། ལག་པ་བཀྲུ་བ་དང་ཁ་ཐུམ་རྒྱག་པ། རླུང་རྒྱུ་རུ་འཇུག་པ། འདུས་སྡོད་མི་བྱེད་པ། བར་ཐག་སྨི་གཅིག་འཛིན་པ། ཟ་མ་མཉམ་དུ་མི་ཟ་བ། སྣ་སྦྲིད་རྒྱག་དུས་ཁ་སྣ་འགེབས་པ་སོགས་ཀྱི་བདེ་ཐང་འཚོ་བར་གོམས་དགོས། སྒོས་སུ་མི་ཚོགས་འདུ་སར་འགྲོ་བ་དང་སྤྱི་སྤྱོད་རླངས་འཁོར་དུ་འདུག་སྐབས་ཁ་ཐུམ་ལེགས་པོར་རྒྱག་དགོས། ཧུར་ཐག་སྒོས་འགོག་ཁབ་བརྒྱབ་ནས་རིམས་འགོག་སྲུང་ཡོལ་ཇེ་བརྟན་དུ་གཏོང་བ་དང་། རང་རྟོགས་སྒོས་སྡོད་ཁུལ་གྱིས་སྤེལ་བའི་ཉིང་བསྐྱུར་བརྟག་དཔྱད་ཀྱི་འཚག་བཤེར་ནང་ཞུགས་དགོས། གལ་ཏེ་རང་གི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་སུ་གྱུར་ནའང་འཚུབ་ཆ་མི་ལངས་པར། དུས་ཐོག་ཏུ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་བདེ་ཐང་ཚད་ལེན་དང་ལོགས་བཀར་གསོ་རིག་ལྟ་ཞིབ་བྱ་དགོས།།
ཡིག་སྒྱུར་བ། འབྲུག་མོ།