《པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་ཐབས་སྔར་བས་ལེགས་སྒྱུར་བྱས་པའི་བརྡ་ཐོའི་སྐོར》གྱི་དྲིས་ལན་འགྲེལ་བཤད།
2022.11.16 ཁུངས། མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང་། ཀློག་གྲངས། 122

གཅིགཔྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་ཐབས་སྔར་བས་ལེགས་སྒྱུར་བྱས་ཏེ་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོཁྱབ་བསྒྲགས་བྱེད་དགོས་པའི་རྒྱུ་རྐྱེན་ཅི་ཡིན་ནམ།

མིག་སྔར་པྲོག་གསར་ནད་དུག་སྔར་བཞིན་རྒྱུན་མཐུད་ངང་རྒྱུད་འགྱུར་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་སྟེང་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་ལ། རྒྱལ་ནང་དུའང་རིམས་ནད་ཡང་ནས་ཡང་དུ་འབྱུང་བཞིན་ཡོད། རང་རྒྱལ་ནི་མི་གྲངས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཉམས་ཞན་ཅན་གྱི་མི་ཚོགས་མང་པོ་ཡོད་པ་དང་ས་ཁུལ་གྱི་འཕེལ་རྒྱས་དོ་མི་མཉམ་ལ། སྨན་བཅོས་ཐོན་ཁུངས་ཀྱི་བསྡོམས་འབོར་གྱིས་མི་འདང་བ། ད་དུང་ས་ཁུལ་ཁ་ཤས་ཀྱི་རིམས་ནད་སྔར་བཞིན་གཞི་ཁྱོན་ཅན་གྱི་རྣམ་པར་གནས་ཡོད་པར་མ་ཟད།  ནད་དུག་རྒྱུད་འགྱུར་དང་གནམ་གཤིས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པ་བཅས་ཀྱི་དབང་གིས། རིམས་ནད་ཁྱབ་པའི་ཁྱབ་ཁོངས་དང་གཞི་ཁྱོན་སྔར་ལས་ཆེ་རུ་འགྲོ་སྲིད་པ་དང་། རིམས་ནད་འགོག་སྡོམ་གྱི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པས། ངེས་པར་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་བྱ་བ་སྣ་ཚོགས་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལེགས་པོར་སྒྲུབ་དགོས། ནད་དུག་མགྱོགས་མྱུར་ངང་མཆེད་པའི་ཁྱད་ཆོས་དང་བསྟུན་ནས།  གཏན་འཁེལ་བྱས་ཟིན་པའི་རིམས་ནད་འགོག་སྡོམ་སྐོར་གྱི་སྤྱིའི་ཐབས་ཇུས་དང་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྔར་བས་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་།  རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ནུས་ལྡན་པར་གཅིག་གྱུར་བཀོད་འདོམས་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་པྲོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས་ཆེད་མཁས་པ་རྩ་འཛུགས་བྱས་ནས། ད་ལྟ་ལག་བསྟར་བྱེད་བཞིན་པའི་ལོགས་བཀར་བརྒྱུད་འདྲེན་དང་། ཉིང་སྐྱུར་བཤེར་འཇལ་ཚད་ལེན། མི་སྣའི་འགྲོ་འོང་། སྨན་བཅོས་ཞབས་ཞུ། རིམས་འགོག་སྨན་ཁབ་རྒྱག་པ། ཁེ་ལས་དང་སློབ་གྲྭ་སོགས་ཀྱི་རིམས་ནད་འགོག་སྡོམ་སྐོར་ལ་ཞབས་ཞུ་འགན་ལེན་བྱེད་པ་སོགས་ཐད་ཀྱི་བྱ་ཐབས་ལ་ཞིབ་འཇུག་དང་རིགས་སྒྲུབ་བྱས་ནས་སྔར་བས་ལེགས་སྒྲིག་བྱ་རྒྱུའི་གྲོས་མགོ་བཏོན་པ་རེད། ཟླ་བཅུ་གཅིག་པའི་ཚེས་བཅུའི་ཉིན། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་ཡར་ཞུ་ལ་ཉན་པ་དང་། ཞིབ་འཇུག་བྱས་ཏེ་འགོག་སྡོམ་བྱ་བ་སྔར་ལས་ལེགས་སྒྱུར་བྱེད་པའི་བྱེད་ཐབས་ཉི་ཤུ་བཀོད་སྒྲིག་བྱས།

གཉིས།བརྡ་ཐོའིནང་ཉེན་ཁ་ཡོད་པའི་མི་སྣ་ལོགས་སུ་བཀར་ནས་དོ་དམ་བྱེད་པའི་དུས་ཡུན་དང་བྱེད་སྟངས་ལ་ལེགས་སྒྲིག་གང་དག་བྱས་ཡོད་དམ།

《བརྡ་ཐོའི》ནང་འབྲེལ་འདྲིས་དམ་ཟབ་བྱེད་མཁན་གྱི་ཉིན་བདུན་རིང་གི་གཅིག་བསྡུས་ལོགས་བཀར་དང་ཉིན་གསུམ་རིང་ཁྱིམ་དུ་བསྡད་ནས་བདེ་ཐང་ཞིབ་བཤེར་ཚད་ལེན་བྱེད་པའི་དོ་དམ་བྱེད་ཐབས་དེ་ཉིན་ལྔའི་རིང་གི་གཅིག་བསྡུས་ལོགས་བཀར་དང་ཉིན་གསུམ་གྱི་ཁྱིམ་སྡོད་བདེ་ཐང་ཞིབ་བཤེར་ཚད་ལེན་དུ་ལེགས་བསྒྱུར་བྱས་ཡོད་པ་དང་། བརྒྱུད་འབྲེལ་བྱུང་བའི་མི་སྣར་རྩད་གཅོད་མི་བྱེད་པར་བྱས་ཡོད། ཉེན་ཁ་ཆེ་བའི་ས་ཁུལ་ནས་ཡོང་བའི་མི་སྣའི་དོ་དམ་ཚོད་འཛིན་བྱེད་ཐབས་དེ“ཉིན་བདུན་གྱི་ཁྱིམ་སྡོད་ལོགས་བཀར”བྱེད་པར་ལེགས་སྒྲིག་བྱས་ཏེ། གདུབ་ཟུམ་གྱི་རྣམ་པས་བྱ་བ་མཇུག་བསྒྲུབས་རྗེས་ཀྱི་ཉེན་ཁ་ཆེ་བའི་ལས་ཞུགས་མི་སྣའི་དོ་དམ་བྱེད་ཐབས་དེ“ཉིན་ལྔའི་རིང་ཁྱིམ་དུ་བཀག་ནས་བདེ་ཐང་ལྟ་ཞིབ་ཚད་ལེན”བྱེད་པར་བསྒྱུར་བ་རེད། ཁྱིམ་སྡོད་ལོགས་བཀར་བྱེད་པའི་ཆ་རྐྱེན་མི་འཛོམས་པ་རྣམས་གཅིག་བསྡུས་ལོགས་བཀར་བྱེད་ཆོག ཁྱིམ་སྡོད་ལོགས་བཀར་བྱེད་པའི་སྐབས་སུ་ཨང་རིས་སྟེར་བའི་དོ་དམ་བྱེད་དགོས་པ་དང་། དེའི་སྐབས་སུ་རང་ཉིད་དང་མཉམ་དུ་བསྡད་ཡོད་པའི་མི་སུ་ཡིན་རུང་སྒོ་ཕྱིར་སོང་མི་ཆོག  ཁྱིམ་སྡོད་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་སྐབས་ངེས་པར་དུ་ཕྱིར་འགྲོ་དགོས་པ་མ་བྱུང་ན་ཕྱིར་མི་འགྲོ་བ་དང་དུས་ཐོག་ཏུ་ཉིང་སྐྱུར་བཤེར་འཇལ་ཚད་ལེན་སོགས་ཀྱི་བླང་བྱར་བརྩི་སྲུང་ནན་མོ་བྱེད་དགོས།

གསུམ།བརྡ་ཐོའིནང་ཉེན་ཁའི་ས་ཁོངས་ཀྱི་དབྱེ་མཚམས་ལ་ལེགས་སྒྲིག་གང་དག་བྱས་ཡོད་དམ།

ཐེངས་འདིའི་ལེགས་སྒྱུར་བྱེད་ཐབས་ལས། ཉེན་ཁ་ཆེ་བའི་ས་ཁུལ་དེ“མཐོ་འབྲིང་དམའ་གསུམ”ནས“མཐོ་དམའ”རིགས་གཉིས་སུ་ལེགས་སྒྲིག་བྱས་ཡོད།  རྩ་དོན་ཐོག་ནས་རིམས་ནད་འགོས་མཁན་གྱི་སྡོད་གནས་དང་དེ་མིན་རིམས་ནད་མཆེད་པར་ཉེན་ཁ་ཆེ་བའི་བྱ་བ་སྒྲུབ་ས་དང་འགྲོ་འོང་བྱེད་ས་སོགས་ཁུལ་ཁོངས་དེ་ཉེན་ཁ་ཆེ་བའི་ས་ཁུལ་དུ་གཏན་འཁེལ་བྱེད་པ་དང་། ཉེན་ཁ་ཆེ་བའི་ས་ཁུལ་སྤྱིར་བཏང་དུ་ཁང་ཚན་དང་ཐོག་ཁང་བགར་ནས་གཏན་འཁེལ་བྱེད་པ་ལས་གང་འདོད་དུ་རྒྱ་བསྐྱེད་མི་རུང་།  རིམས་ནད་མཆེད་པའི་ཉེན་ཁ་གཏན་འཁེལ་གསལ་བོ་བྱས་མེད་པའམ་ཡང་ན་སྡོད་ཁུལ་དུ་རིམས་ནད་མཆེད་རྒྱ་ཆེ་བའི་གནས་ཚུལ་འོག འོས་འཚམ་སྒོས་ཉེན་ཁ་ཆེ་བའི་ས་ཁུལ་གྱི་དབྱེ་མཚམས་འབྱེད་པའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་དགོས། ཉེན་ཁ་ཆེ་བའི་ས་ཁུལ་དུ་བསྟུད་མར་ཉིན་ལྔའི་རིང་ལ་རིམས་ནད་འགོས་མཁན་མ་བྱུང་ན། ས་ཁུལ་དེ་ཉེན་ཁ་ཆུང་བའི་ས་ཁུལ་དུ་གཏན་འཁེལ་བྱེད་དགོས། བཀག་རྒྱ་གློད་པའི་ཆ་རྐྱེན་དང་འཚམ་པའི་ཉེན་ཁ་ཆེ་བའི་ས་ཁུལ་དག་དུས་ཐོག་ཏུ་གློད་དགོས།

བཞི།བརྡ་ཐོའིནང་ཕྱིའི་ནང་འདྲེན་འགོག་པའི་བྱེད་ཐབས་ལ་འགྱུར་ལྡོག་གང་འདྲ་ཡོད་དམ།

འཛམ་གླིང་ཡོངས་ཀྱི་རིམས་ནད་གནས་ཚུལ་གྱི་འཕེལ་རྒྱས་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ནས་རིམས་ནད་ཕྱི་ནས་མཆེད་པ་འགོག་པ་དང་རྒྱལ་སྤྱིའི་འགྲོ་འོང་ལ་སྤྱི་འདོམས་དེ་བས་ལེགས་པོ་བྱས་ནས་མི་སྣའི་འགྲོ་འོང་ལ་སྟབས་བདེ་ཡོང་བ་དང་ཕྱི་རྒྱལ་ནས་རང་རྒྱལ་དུ་ཡོང་བའི་གནམ་གྲུ་འགོག་པའི་རྐྱེན་སྲོལ་མེད་པར་གཏོང་དགོས་པར་མ་ཟད། གནམ་གྲུའི་ནང་མ་བསྡད་སྔོན་གྱི་ཆུ་ཚོད་48རིང་གི་ཉིང་སྐྱུར་བཤེར་འཇལ་ཐེངས་གཉིས་བྱས་པའི་མཇུག་འབྲས་སྲིབ་གཤིས་ཡིན་པའི་གཏན་འཁེལ་དེ་གནམ་གྲུའི་ནང་མ་བསྡད་སྔོན་གྱི་ཆུ་ཚོད48རིང་གི་ཉིང་སྐྱུར་བཤེར་འཇལ་ཐེངས་གཅིག་བྱས་པའི་མཇུག་འབྲས་སྲིབ་གཤིས་ཡིན་པའི་དཔང་ཡིག་ཡོད་ན་བསྡད་ཆོག་པར་བསྒྱུར་བ་རེད། རང་རྒྱལ་དུ་ཡོང་མཁན་ལ“ཉིན་བདུན་གྱི་རིང་གཅིག་བསྡུས་ལོགས་བཀར་བྱེད་པ་དང་ཉིན་གསུམ་གྱི་རིང་ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན”བྱེད་པ་དེ“ཉིན་ལྔའི་རིང་ལ་གཅིག་བསྡུས་ལོགས་བཀར་བྱེད་རྒྱུ་དང་ཉིན་གསུམ་གྱི་ནང་ཁྱིམ་སྡོད་ལོགས་བཀར་བྱེད་རྒྱུར” བསྒྱུར་བ་རེད། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་ཁྲིན་ཏུའུ་འཛམ་གླིང་ཕེན་ཕང་སྤོ་ལོའི་འགྲན་བསྡུར་སོགས་ཀྱི་རིམས་ནད་འགོག་སྡོམ་གྱི་ཉམས་མྱོང་ལ་གཞིགས་ནས་རང་རྒྱལ་དུ་ཡོང་བའི་ཚོང་དོན་མི་སྣ་གལ་ཆེན་དང་ལུས་རྩལ་ཚོགས་པའི་ཚོགས་ཆུང་སོགས་ལ་ལོགས་བཀར་བྱེད་མི་དགོས་པའི་གདུབ་ཟུམ་དོ་དམ་ཁུལ་འཛུགས་དགོས། ལོགས་བཀར་བྱེད་མི་དགོས་པའི་གདུབ་ཟུམ་དོ་ཁམ་ཁུལ་གྱི་ཕྱི་རྒྱལ་དང་རང་རྒྱལ་ཕྱོགས་ཀྱི་མི་སྣས་གདུབ་ཟུམ་དོ་དམ་དང་མི་སྒེར་གྱི་འགོག་སྲུང་། ཉིང་སྐྱུར་བཤེར་འཇལ་སོགས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས།

ལྔ།བརྡ་ཐོའིནང་ཁེ་ལས་དང་། སློབ་གྲྭ རྒན་གསོ་ཁང་། སེམས་ཁམས་ནད་རིགས་གསོ་བཅོས་སྨན་ཁང་། ཕན་བདེ་ཁང་སོགས་གཙོ་གནད་དུ་བཟུང་ནས་རིམས་ནད་འགོག་སྡོམ་བྱ་རྒྱུར་ལེགས་བསྒྱུར་གང་དག་བྱས་ཡོད་དམ

ཨའོ་སྨི་ཁི་རུང་གི་གཞན་འགྱུར་དུག་རྐང་གི་འགོས་མཆེད་ཚད་སྔར་བས་མགྱོགས་པ་དང་། ནད་རྟགས་ཕྱིར་མི་མངོན་པའི་རང་བཞིན་སྔར་བས་ཆེ་བས། ཁེ་ལས་དང་། སློབ་གྲྭ། རྒན་གསོ་ཁང་། སེམས་ཁམས་ནད་རིགས་གསོ་བཅོས་སྨན་ཁང་། ཕན་བདེ་ཁང་སོགས་གཙོ་གནད་སྡེ་ཁག་ཏུ་མི་སྣ་མང་པོ་མཉམ་འདུས་བྱས་ཡོད་པ་དང་ལྷག་པར་དུ་ལོ་ལོན་རྒན་པ་སོགས་ཉམས་ཞན་མི་ཚོགས་ཀྱི་རིམས་འགོག་ནུས་ཤུགས་ཞན་སྟབས། གལ་སྲིད་ནད་པ་བྱུང་ཚེ་ཚང་མར་མཉམ་འབྱུང་རང་བཞིན་གྱི་རིམས་ནད་འགོ་སླ་བ་རེད། 《བརྡ་ཐོའི》ནང་གཙོ་གནད་ཁུལ་གྱི་རིམས་ནད་འགོག་སྡོམ་ཐད་བླང་བྱ་གསལ་བོ་བཏོན་ནས་“ཁེ་ལས་རེར་ཐབས་ཇུས་རེ”དང“བཟོ་ལས་ར་བ་རེར་ཐབས་ཇུས་རེ”ཡོད་པའི་རིམས་ནད་འགོག་སྡོམ་ཐག་གཅོད་འཕྲལ་བསྟུན་ཇུས་གཞི་བཟོས་ནས་རིམས་ནད་འགོག་སྡོམ་གྱི་འགན་འཁྲི་གཙོ་བོ་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་དང་། སློབ་གྲྭའི་རིམས་ནད་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་ནས་མགྱོགས་མྱུར་ངང་རིམས་ནད་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་པ། རྒན་གསོ་ཁང་དང་། སེམས་ཁམས་ནད་རིགས་གསོ་བཅོས་སྨན་ཁང་། ཕན་བདེ་ཁང་སོགས་ཉམས་ཞན་མི་ཚོགས་ཀྱི་འདུ་འཛོམས་བྱ་ཡུལ་དུ་དོ་དམ་བྱེད་སྟངས་ཇེ་ལེགས་སུ་གཏོང་དགོས།

དྲུགབརྡ་ཐོའིནང་སྨན་བཅོས་སྲོག་སྐྱོབ་དང་། རིམས་འགོག་སྨན་ཁབ་རྒྱག་པ། སྨན་རྫས་གསོག་འཇོག་སོགས་ཀྱི་ཐད་བླང་བྱ་གང་དག་བཏོན་ཡོད་དམ།

《བརྡ་ཐོའི》ནང་རིམ་པ་དང་རིགས་བགར་ནས་སྨན་བཅོས་བྱེད་པའི་ཇུས་གཞི་གཏན་འབེབས་བྱེད་པ་དང་། སྨན་བཅོས་མི་སྣ་ཡོངས་ལ་གསོ་སྦྱོང་ལེགས་པོ་བྱེད་པ། སྨན་ཁང་དུ་ཞག་སྡོད་བྱེད་པའི་ཉལ་ཁྲི་དང་ནད་པ་ལྗིད་མོའི་ཉལ་ཁྲི་གྲ་སྒྲིག་གང་ལེགས་བྱེད་པ། སྲོག་སྐྱོབ་སྨན་བཅོས་ཀྱི་ཐོན་ཁུངས་ཇེ་མང་དུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རིམས་འགོག་སྨན་ཁབ་རྒྱག་ཚད་ཇེ་མགྱོགས་སུ་གཏོང་དགོས་པ་དང་ལྷག་པར་དུ་ལོ་ལོན་རྒན་པར་རིམས་འགོག་སྨན་ཁབ་རྒྱག་པར་ཤུགས་སྣོན་དགོས། སྨན་རྫས་མཁོ་སྤྲོད་བྱེད་ཚད་ཇེ་ལེགས་སུ་བཏང་ནས་ནད་པའི་སྨན་རྫས་ཀྱི་དགོས་མཁོ་སྐོང་ཅི་ཐུབ་བྱེད་དགོས་པ་དང་ལྷག་པར་དུ་ཉེན་ཁ་ཚབས་ཆེ་བའི་རིགས་དང་ལོ་ལོན་རྒན་པར་སྨན་བཅོས་ཀྱི་དགོས་མཁོ་སྐོང་ཐུབ་པར་བྱས་ཏེ། ཕན་ནུས་ལྡན་པའི་ཀྲུང་ལུགས་གསོ་རིག་སྨན་རྫས་མང་པོ་གསོག་འཇོག་བྱེད་དགོས།

བདུན།བརྡ་ཐོའིནང་རིམ་པ་རེ་རེ་བཞིན་ཆ་རྐྱེན་ཇེ་མང་དུ་གཏོང་བའི་གནད་དོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་བླང་བྱ་གསར་པ་གང་དག་བཏོན་ཡོད་དམ།

སྤྱི་ཚོགས་ཀྱི་རྒྱུན་ལྡན་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་འགན་ལེན་བྱེད་ཆེད།《བརྡ་ཐོའི》ནང་ས་གནས་སོ་སོས་རང་འདོད་ལྟར་སློབ་གྲྭའི་སྒོ་བརྒྱབ་ནས་སློབ་ཁྲིད་བྱེད་མཚམས་འཇོག་པ་དང་། ཐོན་སྐྱེད་དང་ལས་ཀ་ལས་མཚམས་འཇོག་པ། ཆོག་མཆན་མ་བརྒྱུད་པར་འགྲིམ་འགྲུལ་ལ་བཀག་འགོག་བྱེད་པ། གང་བྱུང་དུ“ཁུ་སིམ”གྱི་དོ་དམ་བྱེད་པ། གང་བྱུང་དུ་བཀག་སྡོམ་བྱེད་པ། དུས་ཡུན་རིང་པོའི་ནང་བཀག་རྒྱ་མི་གློད་པ། གང་བྱུང་དུ་སྨན་བཅོས་བྱེད་མཚམས་འཇོག་པ་སོགས་ཀྱི་རིམ་སྣོན་བྱ་སྤྱོད་གཏན་འགོག་བྱས་ནས། བརྡ་ཁྱབ་དང་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང། མཇུག་འབྲས་ཚབས་ཆེན་བཟོས་པའི་རིགས་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། རིམས་ནད་མ་བྱུང་བའི་ས་ཁུལ་ལ་ཆ་མཚོན་ན། པར་གཞི་དགུ་པའི་རིམས་ནད་འགོག་སྡོམ་ཇུས་གཞིའི་ནང་གཏན་འཁེལ་བྱས་པའི་ཁྱབ་ཁོངས་ལྟར། ཉེན་ཁ་ཆེ་བའི་ལས་གནས་དང་གཙོ་གནད་མི་སྣའི་ཉིང་སྐྱུར་ལ་བཤེར་འཇལ་བྱེད་དགོས་པ་དང་། རང་འདོད་ལྟར་ཉིང་སྐྱུར་བཤེར་འཇལ་ཚད་ལེན་གྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་མི་རུང་ལ། མི་སྣའི་དོ་དམ་ཚོད་འཛིན་དང་། སྡོད་ཁུལ་གྱི་བཀག་སྡོམ་ཚོད་འཛིན། ལོགས་བཀར་བརྒྱུད་འདྲེན་བཅས་ཀྱི་ཁྱབ་ཁོངས་ཀྱང་ཆེ་རུ་གཏོང་མི་རུང་། “ཉིན་གཅིག་ལ་ཞིབ་བཤེར་གཉིས་”དང་“ཉིན་གཅིག་ལ་ཞིབ་བཤེར་གསུམ་”བྱེད་པ་སོགས་ཚན་རིག་དང་མི་མཐུན་པའི་བྱེད་སྟངས་ཡོ་བསྲང་བྱེད་དགོས། རིམས་ནད་མཆེད་པའི་ས་ཁུལ་དུ་རིགས་བགར་བ་དང་གོ་རིམ་ཡོད་པའི་སྒོ་ནས་མི་སྣ་ཁེགས་ལུས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱེད་དགོས་པ་དང་། འགྲོ་སའི་གནས་ཀྱི་ཆེ་ཕྱོགས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་ཁེགས་ལུས་མི་སྣ་ཕྱིར་ལོག་པར་བཀག་འགོག་བྱེད་མི་རུང་བ་དང་། རིམས་ནད་ཕྱིར་མཆེད་པར་སྔོན་འགོག་བྱེད་དགོས་པར་མ་ཟད་ཚད་བརྒལ་དོ་དམ་བྱེད་མི་རུང་། །

གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།