བྱིས་པར་མྱུར་སྐྱོབ་བྱེད་ཐབས་ཀྱི་ཤེས་བྱ་འགའ།
2022.11.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 15

གཅིག བྱིས་པར་སྣ་ཁྲག་ཡོང་བ་ཇི་ལྟར་གཅོད་དགོས།

ལུས་པོ་དྲང་མོར་བཙོག་ཏུ་བཅུག་སྟེ་ལྭ་བའི་སྐེད་རགས་སམ་སྒྲོག་གུ་ལྷོད་པོར་གཏོང་བ། མགོ་ཕྱིར་དགྱེ་རུ་འཇུག་པ། མཐེ་བོང་དང་གོང་མཛུབ་གཉིས་ཀྱིས་སྣ་ཁུང་དམ་པོར་སྡོམ་པ། དེ་ནས་ལག་ཕྱིས་རློན་པ་དང་དར་སོགས་དཔྲལ་བར་ཀླན་ནས་སྐར་མ་ལྔ་ནས་བཅུ་ལ་བསྡད་ན་གཞི་ནས་སྣ་ཁྲག་ཆད་འགྲོ་བ་ཡིན། གལ་ཏེ་ཅུང་ཚབས་ཆེན་ཡིན་ན་སྣའི་ནང་དུ་སྲིང་བལ་ནར་མོ་འཇོག་དགོས།

གཉིས། བྱིས་པར་མེས་ཚིག་ན་ཇི་ལྟར་བྱ་དགོས།

སྐྱི་པགས་ལ་རལ་སྐྱོན་བྱུང་མེད་པ་དང་བསྲེག་པའི་རྒྱ་ཁྱོན་ཆུང་ན་རྨ་ཁར་ཅང་ཡུག་ཉུང་ཙམ་བསྐུས་ན་ན་ཟུག་ཞི་ཐུབ་པ་ཡིན། སྐྱི་པགས་ལ་རལ་སྐྱོན་བྱུང་ཡོད་རུང་རྨ་ཁ་ཆུང་ན་ཧོང་ཨན་བྱུག་སྨན་དང་ཆིན་མེ་སུའུ་བྱུག་སྨན་དུག་སེལ་སེང་རས་སམ་རས་འཇམ་པོའི་སྟེང་བསྐུས་པ་དང་། དེའི་ཐོག་ཏུ་སེང་རས་ཀྱིས་དཀྲི་དགོས། རྨ་ཁ་ཚབས་ཆེན་ཡིན་ན་མྱུར་དུ་སྨན་ཁང་དུ་སྐྱེལ་དགོས།

སྐྱི་པགས་བསྲེག་མ་ཐག་ཆུ་འཁྱགས་སོགས་རླན་གཤེར་གྱི་རིགས་སྟེང་དུ་གཏོར་མི་རུང་།

གསུམ། བྱིས་པར་སོལ་རླངས་ཀྱིས་དུག་ཕོག་ན་ཇི་ལྟར་བྱ་དགོས།

ཁང་བའི་སྒོ་དང་དྲ་མ་ཕྱེ་བ་དང་། གྱོན་པ་ལྷོད་པོར་བཏང་སྟེ་མཁའ་རླུང་གཙང་སར་དབུགས་འབྱིན་རྔུབ་བྱེད་དུ་འཇུག་དགོས། ནད་པས་དབུགས་འབྱིན་རྔུབ་བྱེད་དཀའ་ན་མིའི་ཐབས་ཀྱིས་དབུགས་འབྱིན་རྔུབ་བྱེད་པ་དང་། ཧ་ཅང་ཚབས་ཆེན་ཡིན་ན་མྱུར་དུ་སྨན་ཁང་དུ་སྐྱེལ་དགོས།

བཞི། བྱིས་པར་ཁྱིས་རྨུགས་ན་ཇི་ལྟར་བྱ་དགོས།

མྱུར་དུ་རྨ་ཁའི་གོང་སྣེ་ནས་དམ་པོར་དཀྲིས་ཏེ་ཁྲག་ཕྱིར་བཙིར་རྗེས་ཆུ་དྲོད་འཇམ་གྱིས་བཀྲུ་བ་དང་། རྨ་ཁར་ཞའོ་སོན་ཡན་སྨན་ཆུ་བསྐུས་ནས་དུག་སེལ་སེང་རས་ཀྱིས་དཀྲིས་དགོས། ཉིན་འགའ་འགོར་རྗེས་རྨ་ཁ་ཡང་བསྐྱར་བཀྲུས་ཏེ་རྨ་ཁ་རྣག་པར་མཉམ་འཇོག་བྱ་དགོས།

ལྔ། བྱིས་པར་སྦྲུལ་གྱིས་སོ་བཏབ་ན་ཇི་ལྟར་བྱ་དགོས།

མྱུར་དུ་ཆུ་ཁོལ་འཁྱག་པ་དང་། ཇ་འཁྱག རྫ་ཆུ། འདག་རྫས་སོགས་ཀྱིས་རྨ་ཁ་བཀྲུ་དགོས་ལ། ཆུ་མེད་ས་ནས་བཏང་མ་ཐག་པའི་གཅིན་པས་བཀྲུ་ནའང་ཆོག རྨ་ཁ་ནས་སྙིང་ཁམས་དང་ཉེ་བའི་གནས་སུ་རས་ཐིག་གིས་དམ་པོར་དཀྲིས་ནས་དུག་རྫས་ལུས་ཁམས་སུ་ཁྱབ་པར་སྔོན་འགོག་བྱ་དགོས། གལ་ཏེ་མེ་བུམ་ཡོད་ན་མེ་བུམ་གྱིས་ཁྲག་ཕྱིར་འཇིབ་དགོས།

དྲུག བྱིས་པར་མིའི་ཐབས་ཀྱིས་དབུགས་འབྱིན་རྔུབ་བྱེད་ཚུལ་ཇི་ལྟར་ཡིན།

ཐོག་མར་ནད་པ་མཁའ་རླུང་རྒྱུ་སར་ཁྱེར་ཏེ་ལྭ་བའི་སྒྲོག་གུ་དང་སྐེ་རགས་བཀྲོལ་ནས་ནད་པའི་ཁ་ནང་གི་ཟ་མ་དང་། འདམ་བག་སོགས་དངོས་རྫས་གཞན་པ་ཕྱིར་ལེན་དགོས། རྒྱུན་དུ་བཀོལ་བའི་མིའི་ཐབས་ཀྱིས་དབུགས་འབྱིན་རྔུབ་བྱེད་ཚུལ་ལ་གསུམ་ཡོད་དེ།

དང་པོ། ཁ་དང་ཁ་སྤྲོད་ཐབས། ནད་པ་གན་རྐྱལ་བསྙལ་ནས་མགོ་ལྟག་པར་དགྱེ་གང་ཐུབ་བྱེད་པ་དང་། སེང་རས་སམ་ལག་ཕྱིས་ཀྱིས་ནད་པའི་ཁ་དང་སྣ་འགེབ་དགོས། སྐྱོབ་མཁན་གྱི་ལག་པ་གཅིག་གིས་ནད་པའི་སྣ་ཁུང་གཅོད་པ་དང་། ལག་པ་གཅིག་གིས་ནད་པའི་མ་ནེ་ཡར་བཀྱགས་རྗེས་དབུགས་རིང་ཞིག་རྔུབ་ནས་ནད་པའི་ཁ་གཏད་ནས་ནད་པའི་དབུགས་འབྱིན་དགོས།

གཉིས་པ། བྲང་གནོན་ཐབས། ནད་པ་གན་རྐྱལ་བསྙལ་ནས་སྐེད་པའི་འོག་ཏུ་མལ་གོས་དང་གདན་སོགས་འཇོག་པ་དང་། སྐྱོབ་མཁན་གྱི་ལག་པ་གཉིས་ནད་པའི་བྲང་ཁར་བཞག་ནས་ཤུགས་ཀྱིས་མནན་ཏེ་དབུགས་འབྱིན་རྔུབ་བྱེད་དུ་འཇུག་པ།

གསུམ་པ། རྐེད་པ་གནོན་ཐབས། ནད་པ་ཁ་སྦུབ་ཏུ་བསྙལ་ནས་བྲང་ཁའི་འོག་ཏུ་གདན་དང་གྱོན་པ་སོགས་བཞག་རྗེས་སྐྱོབ་མཁན་གྱི་ལག་པ་གཉིས་ནད་པའི་རྐེད་པར་བཞག་ནས་དལ་མོ་ནས་ཤུགས་ཇེ་ཆེར་བཏང་སྟེ་དབུགས་འབྱིན་རྔུབ་བྱེད་དུ་འཇུག་དགོས། །

བདུན་པ། བྱིས་པར་ཟས་དུག་ཕོག་ན་ཇི་ལྟར་སེལ་དགོས།

བྱིས་པའི་ཟ་མ་ཟོས་རྗེས་ཞེན་ཁ་ལོག་པ་དང་། སྐྱུགས་རྒྱུ་ཡོང་བ། མགོ་ཡོམ་འཁོར་བ། ཚབས་ཆེ་དུས་སྐད་ཆ་ལྡབ་ལྡིབ་བཤད་པ། ཚོར་བ་ཉམས་པ། རྩ་འཁུམ་པ། ཚ་རྒྱག་པ་སོགས་ཀྱི་ནད་རྟགས་ཡོད་ན་ཟས་དུག་ཕོག་པ་ཡིན་པས། མཛུབ་མོ་མིད་པར་བཏང་སྟེ་ཟས་རིགས་ཚང་མ་ཕྱིར་བསྐྱུག་ཏུ་འཇུག་དགོས། ཕྱིར་བསྐྱུག་རྗེས་ཆུ་ཁོལ་འཐུང་དུ་འཇུག་དགོས་པ་དང་ཆུ་ཁོལ་འཐུང་རྗེས་ཡང་བསྐྱར་ཕྱིར་བསྐྱུག་ཏུ་འཇུག་དགོས། གལ་ཏེ་ཚབས་ཆེན་ཡིན་ན་མྱུར་དུ་སྨན་ཁང་དུ་སྐྱེལ་དགོས།

བརྒྱད་པ། བྱིས་པར་གློག་གིས་བརྒྱབ་ན་ཇི་ལྟར་བྱ་དགོས།

༡.མྱུར་དུ་གློག་སྒོ་བརྒྱབ་ནས་བྱིས་པ་དང་གློག་ཁུངས་བར་གྱི་འབྲེལ་མཚམས་གཅོད་དགོས།

༢.གློག་སྒོ་གཏན་པའམ་གློག་རྒྱུན་འཛུགས་བྱེད་འབལ་སྐབས། དབྱུག་པ་སྐམ་པོ་དང་། སྨྱུག་མ་སོགས་གློག་མི་རྒྱུ་བའི་ཡོ་བྱད་བཀོལ་དགོས།

༣.མིའི་ཐབས་ཀྱི་དབུགས་འབྱིན་རྔུབ་བྱེད་དུ་འཇུག་དགོས།

༤.ཚབས་ཆེན་ཡིན་ན་མྱུར་དུ་སྨན་ཁང་ལ་སྐྱེལ་དགོས།

༥.གློག་གིས་བརྒྱབ་པའི་ནད་པར་མྱུར་སྐྱོབ་བྱེད་སྐབས་ལུས་ཕུང་ལ་ཤིང་ལེབ་སོགས་ཀྱིས་གནོན་པ་ལས་ལྕགས་རིགས་སོགས་ཀྱིས་ཐུག་རེག་བྱེད་མི་རུང་།

དགུ་བ། བྱིས་པར་སྦྲང་མདུང་གིས་བརྒྱབ་ན་ཇི་ལྟར་བྱ་དགོས།

༡.སྐྱི་པགས་ནང་གི་སྦྲང་ཚེར་དལ་མོར་བླངས་རྗེས་རྨ་ཁ་མི་གནོན་པར་དུག་ཁུ་ལུས་སྟེང་དུ་ཁྱབ་པ་སྔོན་འགོག་བྱེད་དགོས།

༢.གལ་ཏེ་མེ་བུམ་ཡོད་ན་མེ་བུམ་གྱིས་དུག་ཁུ་ཕྱིར་འབྱིན་དགོས།

༣.འདག་རྫས་བཀོལ་ནས་རྨ་ཁ་བཀྲུས་རྗེས་ཏེན་ཀྱིག(碘酒)སོགས་ཟུག་གཟེར་གཅོག་པའི་སྨན་རྫས་བཀོལ་དགོས།

༤.ཚབས་ཆེན་ཡིན་ན་མྱུར་དུ་སྨན་ཁང་ལ་སྐྱེལ་དགོས།

བཅུ་བ། བྱིས་པའི་རྣ་བར་འབུ་སྲིན་འཛུལ་ན་ཇི་ལྟར་བྱ་དགོས།

རྒྱམ་ཚ་དང་ཤིང་ཀུན་བཅས་མར་ནག་དང་སྦྱར་ཏེ་མེ་ལ་བསྲོས་ནས་ཚ་འཇམ་རན་པོ་རྣ་བར་བླུགས་ན་ཕན་པ་དང་། ཡང་ན་མཁན་པའི་ལོ་མ་བརྡུངས་པའི་ཁུ་བ་བླུགས་ན་ཕན། དེ་ལས་གཞན་བསེ་སྦུར་གྱི་དུད་པ་བདུགས་པས་ཀྱང་ཕན་པ་ཡིན། གལ་ཏེ་སྒོ་ཕྱུགས་ཀྱི་ཤིག་རྣ་བར་ཤོར་ན་ཆང་བཟང་པོ་བྱུག་པའམ་ཡང་ན་གཡེར་ཆུ་རྣ་བར་བླུགས་ན་ཕན་པ་ཡིན།

བཅུ་གཅིག བྱིས་པའི་མིག་ཏུ་བྱེ་རྡུལ་ཤོར་ན་ཇི་ལྟར་བྱ་དགོས།

༡.ལག་པས་འཕུར་ན་མིག་འབྲས་ལ་གནོད་པས་འཕུར་མི་རུང་།

༢.མཛུབ་མོས་མིག་གི་ནང་དུ་སློག་ན་ལག་པའི་སྟེང་གི་འབུ་ཕྲ་མིག་ནང་དུ་འཛུལ་ངེས་ཡིན།

༣.ལག་པས་མིག་སྐྱི་མདུན་ལ་འཐེན་ནས་ཐེངས་ཁ་ཤས་མིག་བཙུམ་ཙམ་བྱས་ན་མིག་ཆུས་ས་རྡུལ་གཙང་བཤལ་བྱེད་སྲིད།

བཅུ་གཉིས། བྱིས་པའི་རུས་པ་ཆག་ན་ཇི་ལྟར་བྱ་དགོས།

༡.བཙིར་ཤིང་ལེབ་མོ་བཙལ་ནས་རུས་པ་ཆག་པའི་ལོགས་གཉིས་སུ་དམ་པོར་སྡོམ་དགོས།

༢.ཕ་མ་དང་བུ་རྫི་དག་གིས་ནད་པ་འགུལ་སྐྱོད་བྱེད་པ་དང་། མལ་དུ་ཁ་ལོ་བརྗེ་སྐབས་རོགས་རམ་བྱེད་དགོས།

༣.རྨ་ཁ་དལ་མོར་སོས་དགོས་པས་འགུལ་སྐྱོད་བྱེད་པར་བྲེལ་མི་རུང་།

༤.ཁ་ཟས་སུ་རུས་པར་མཁོ་བའི་རྫས་ཀའེ་འདུས་པའི་ཟས་ཟོས་ན་ཕན།

༥.གལ་ཏེ་དཔྲལ་བ་དང་རྐེད་ཚིགས། སྒལ་ཚིགས། མཚང་རུས་བཅས་སུ་རུས་ཆག་བྱུང་ཚེ། སྲོག་ལ་ཉེན་ཁ་ཡོད་པས་མྱུར་དུ་སྨན་ཁང་དུ་སྐྱེལ་དགོས།

བཅུ་གསུམ། བྱིས་པར་ཉ་ལོག་བྱུང་ན་ཇི་ལྟར་བྱ་དགོས།

༡.བྱ་བོའི་ཟེ་བ་དང་། སྦྲུལ་གྱི་ཚིལ། ཕག་པའི་སྣ། ངང་སེར་གྱི་མཁྲིས་པ། ཕུག་རོན་གྱི་བྲུན་ནུས་བསྲེག་པའི་ཐལ་བ། གུ་གུལ་ནག་པོ། ཕ་བོང་གི་དྲེག་པ་དམར་པོ། གླ་རྩི་བཅས་དྲི་ཆུ་དང་སྦྱར་ནས་ཕྱི་རུ་བྱུག་པ་དང་ཁོང་དུ་གཏོང་བ་སོགས་བྱེད་དགོས།། 

རྩོམ་སྒྲིག་པ། འབྲུག་མོ།