མིག་སྔར། རང་རྒྱལ་གྱི་ཆེད་མཁས་པས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། པྲོག་གསར་གློ་ཚད་མཆེད་ནས་ལོ་གཉིས་ལྷག་འགོར་བའི་རྗེས་སུ། སྡོད་བཅོས་ནད་པ55%ཙམ་ལ་སྔར་བཞིན་ནད་གཞུག་ཡོད་པ་སྟེ། ཐང་ཆད་པ་དང་ལུས་ཤུགས་མེད་པ། དབུགས་ལེན་དཀའ་བ། གཉིད་མི་ཡོང་བ་སོགས་འབྱུང་བཞིན་ཡོད་པ་རེད། ཞིབ་འཇུག་མང་པོ་བྱས་པ་ལས་བལྟས་ན། པྲོག་གསར་གློ་ཚད་བྱུང་ནས་དྲག་སྐྱེད་བྱུང་བའི་མི་ལ་མཚོན་ན། གོང་གསལ་གྱི་ནད་རྟགས་དེ་རིགས་ནི་རང་དགར་བྱུང་བ་ཞིག་མིན་པར་གློ་བ་དང་ཀླད་པ། སྙིང་། ཐ་ན་མཆིན་པ་སོགས་ཀྱི་དོན་སྣོད་ལ་གནོད་སྐྱོན་ཐེབས་རྗེས་ཀྱི་མངོན་རྟགས་ཡིན་པ་རེད།
གཅིག གློ་བ་ཚིན་འགྱུར།(肺纤维化)
དབུགས་ལམ་མ་ལག་ནི་པྲོག་གསར་གློ་ཚད་ཀྱི་ནད་དུག་གིས་གནོད་པ་གཏོང་ཡུལ་གཙོ་བོ་རེད། རང་རྒྱལ་གྱི་སྐབས་བསྟུན་འདྲི་རྩད་ཞིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། པྲོག་གསར་གློ་ཚད་བྱུང་ནས་ཟླ་བ་དྲུག་ཙམ་གྱི་རྗེས་སུ། ནད་པ་སྐོར་ཞིག་ལ་མ་མཐར་ཡང་རྒྱུན་ལྡན་མིན་པའི་སྣང་ཚུལ་ཅུང་ཙམ་ཡོད་པ་རེད། ནད་བབ་ལྗིད་མོའི་རིགས་ཀྱི་སྡོད་བཅོས་ནད་པ་རྣམས་དྲག་སྐྱེད་བྱུང་རྗེས། དབུགས་ལམ་མ་ལག་དང་འབྲེལ་བའི་ནད་རིགས་སྔར་ལས་འབྱུང་སླ་བ་དང་། ཐ་ན་གློ་བ་ཚིན་འགྱུར་བྱུང་ནས་དབུགས་འབྱིན་རྔུབ་བྱེད་པའི་ནུས་པ་ཇེ་ཞན་དུ་གཏོང་བ་རེད།
གཉིས། ཀླད་པ་འཁུམས་པ།(大脑萎缩)
པྲོག་གསར་གློ་ཚད་ནད་དུག་གིས་ད་དུང་ཀླད་པའི་ཕྲ་ཕུང་ལའང་གནོད་པ་གཏོང་བ་རེད། ཉིའུ་ཅིན་སློབ་ཆེན་གྱིས་སྤེལ་བའི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། པྲོག་གསར་གློ་ཚད་ཀྱི་ནད་དུག་གིས་ཀླད་པའི་བོངས་ཚད་ཆ་སྙོམས་ཀྱིས་0.2%ནས2%ཙམ་འཁུམས་པར་བྱེད་དུ་འཇུག་པ་དང་། དེ་ནི་ལོ1ནས10ཙམ་གྱིས་རྒས་སླ་བར་བྱས་པ་དང་མཚུངས། དེའི་མཚུངས་སུ་སྣོམ་ཚོར་གྱི་ནུས་པར་ཡང་གནོད་སྐྱོན་ཐེབས་པ་དང་བསྟུན་ནས། མགོ་ན་བ་དང་བློ་རྩེ་གཅིག་སྒྲིམ་བྱེད་མི་ཐུབ་པ། སྣ་དབང་དང་ལྕེ་དབང་ཉམས་པ་སོགས་བསྐྱེད་པ་དང་། ནད་བབ་ཡང་བའི་ནད་པའི་རིགས་ཡིན་ནའང་། སྣང་ཚུལ་དེ་འདྲ་འབྱུང་སྲིད་ཟེར།
གསུམ། ཁྲག་རྡོག་ཆགས་པའམ་ཡང་ན་ཁྲག་བཞུར་བ།
པྲོག་གསར་གློ་ཚད་བྱུང་ན་གཏིང་ངོས་སྡོད་རྩར་ཁྲག་རེང(深静脉血栓)དུ་འབྱུང་བ་དང་གློ་བ་རེང་འགགས་འབྱུང་བ།(肺栓塞) ཁྲག་བཞུར་བ་བཅས་ཀྱི་ཉེན་ཁ་ཤིན་ཏུ་ཆེ། པྲོག་གསར་གློ་ཚད་བྱུང་བའི་ནད་པ་ས་ཡ་གཅིག་ལྷག་ལ་བརྟག་དཔྱད་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། པྲོག་གསར་གློ་ཚད་བྱུང་རྗེས། གཏིང་ངོས་སྡོད་རྩ་ཁྲག་རེང་དུ་འགྱུར་བའི་ཉེན་ཁ་ལྡབ་ལྔ་ཙམ་གྱིས་ཇེ་མང་དུ་འགྲོ་བ་དང་། གློ་བ་རེང་འགགས་ཀྱི་ཉེན་ཁ་ལྡབ་སོ་གསུམ་གྱིས་ཇེ་མང་དུ་འགྲོ་བ། རྒྱུན་ལྡན་གྱི་ཁྲག་བཞུར་བའི་ཉེན་ཁ་ལྡབ་གཉིས་ཀྱིས་ཇེ་མང་བཅས་ལ་འགྲོ་བ་རེད། ནད་བབ་ཡང་བའི་ནད་པའི་རིགས་ཡིན་ནའང་། གཏིང་ངོས་སྡོད་རྩ་ཁྲག་རེང་དུ་འགྱུར་བའི་ཉེན་ཁ་ལྡབ་གསུམ་གྱིས་ཇེ་མང་ཡིན་པ་དང་། གློ་བ་རེང་འགགས་ཀྱི་ཉེན་ཁ་ལྡབ་བདུན་གྱིས་ཇེ་མང་ཡིན་པ་རེད།
བཞི། མཁལ་མའི་ནུས་པའི་བཅུ་ཆའི་གསུམ་ཙམ་ཉམས་རྒུད་དུ་འགྲོ་བ།
མཁལ་མ་ནི་པྲོག་གསར་གློ་ཚད་ཀྱི་ནད་དུག་གིས་གནོད་སྐྱོན་བཟོ་བའི་དོན་སྣོད་ཅིག་ཡིན། ཨ་རིའི་ཚན་རིག་པས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་རྗེས། སྡོད་བཅོས་ནད་པ་བརྒྱ་ཆའི་སོ་གཉིས་ལ་མྱུར་བའི་རང་བཞིན་གྱི་མཁལ་མའི་གནོད་སྐྱོན་བྱུང་བ་དང་། དྲག་སྐྱེད་བྱུང་བའི་ནད་པ་ཕྱེད་ཀ་ཙམ་གྱི་མཁལ་མའི་ནུས་པ་སླར་གསོ་ཆ་ཚང་བྱུང་མེད་ཅིང་། ཐ་ན་བསྟུད་མར་ཇེ་སྡུག་ལ་འགྲོ་སྲིད་པ་རེད། པྲོག་གསར་གློ་ཚད་བྱུང་རྗེས་ཀྱི་ཟླ་བ་དྲུག་གི་ནང་ལ། མཁལ་མའི་ནད་འབྱུང་བའི་ཉེན་ཁ་བརྒྱ་ཆའི་སོ་ལྔ་ཡིས་ཇེ་མང་དུ་སོང་ཡོད་པ་དང་། དབང་པོའི་ནུས་པའི་བཅུ་ཆའི་གསུམ་ཉམས་པའི་ཉེན་ཁ་བརྒྱ་ཆའི་ཉེར་ལྔ་ལས་མཐོ་བ་རེད།
ལྔ། གཅིན་སྙིའི་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ།
པྲོག་གསར་གློ་ཚད་བྱུང་ནས་དྲག་སྐྱེད་བྱུང་བའི་མི་ལ་གཅིན་སྙིའི་ནད་འབྱུང་བའི་ཉེན་ཁ་ནི་པྲོག་གསར་གློ་ཚད་བྱུང་མྱོང་མེད་པའི་མི་དང་བསྡུར་ན་བརྒྱ་ཆའི་བཞི་བཅུ་ཙམ་གྱིས་མཐོ་བ་དང་། གལ་ཏེ་ལུས་ཚོན་པོ་ཡིན་པ་དང་རྙིང་ཚབ་གསར་བྱེད་ཀྱི་ཕྱོགས་བསྡུས་ནད་རྟགས་ཡོད་པ་སོགས་ཀྱི་ཉེན་ཁའི་རྒྱུ་རྐྱེན་ལྡན་ན། པྲོག་གསར་གློ་ཚད་ཀྱི་ནད་དུག་གིས་གཅིན་སྙིའི་ནད་འབྱུང་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་རེད།
པྲོག་གསར་གློ་ཚད་བྱུང་ནས་དྲག་སྐྱེད་བྱུང་བའི་མི་ལ། ད་དུང་སྐྲ་བྱི་བ་དང་པགས་འབྲུམ་འབྱུང་བ། གཉིད་མི་ཡོང་བ། སྙིང་འཕར་ནས་བྲང་ཁ་ན་བ། མཆིན་པ་ལ་གནོད་སྐྱོན་ཐེབས་པ་སོགས་འབྱུང་བ་དང་། མི་སུམ་ཆའི་གཅིག་ཙམ་ལ་པྲོག་གསར་གློ་ཚད་ཕོག་རྗེས་ཀྱི་ལོ་ཕྱེད་ཀའི་ནང་དུ། ཡིད་མུག་པ་དང་སེམས་འཚབ་པ་སོགས་འབྱུང་བ་རེད།།
རྩོམ་སྒྲིག་པ། འབྲུག་མོ།