པྲོག་གསར་གློ་ཚད་དང་ཆམ་རིམས། སྤྱིར་བཏང་གི་ཆམ་པ་བཅས་ཀྱི་ཁྱད་པར།
2022.12.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

པྲོག་གསར་གློ་ཚད་རིམས་ནད་དང་ཆམ་རིམས།  སྤྱིར་བཏང་གི་ཆམ་པ་བཅས་ནི་

དབུགས་ལམ་གྱི་ནད་དུག་རང་བཞིན་གྱི་རིམས་ནད་ཡིན་ན་ཡང་། དེ་དག་ལ་ཁྱད་པར་ཆེན་པོ་ཡོད་པ་ཡིན། གཤམ་དུ་པྲོག་གསར་གློ་ཚད་རིམས་ནད་དང་ཆམ་རིམས། སྤྱིར་བཏང་གི་ཆམ་པ་བཅས་ཀྱི་སྐོར་ངོ་སྤྲོད་ཅིག་བྱེད།

དང་པོ། པྲོག་གསར་གློ་ཚད་རིམས་ནད།

སློང་རྐྱེན།

པྲོག་གསར་ནད་དུག་གིས་བསྐྱེད་པ་ཡིན།

ནད་རྟགས།

པྲོག་གསར་གློ་ཚད་ནད་དུག་འགོས་པ་ཡིན་ན། ཚ་རྒྱག་པ་དང་། ཤ་གནད་དང་རུས་ཚིགས་ན་བ། སྐམ་ལུ་རྒྱག་པ། ལུས་ཤུགས་མེད་པ། མིད་པ་ན་བ། སྣ་དང་ལྕེའི་ནུས་པ་ཉམས་པ་ལ་སོགས་པའི་ནད་རྟགས་མངོན་པར་མ་ཟད། དེས་ནད་གཞི་རྙིང་བ་ཡང་བསྐྱར་བསླངས་ནས་ནད་བབ་ཇེ་ལྗིད་དུ་འགྲོ་ལ། རྒན་པ་རྣམས་ལ་ལྷག་དུ་མངོན་ཚུལ་གསལ་བོ་ཡིན།

ན་ལུགས།

པྲོག་གསར་གློ་ཚད་ནད་དུག་འགོས་པ་ཡིན་ན་གློ་བའི་ཚ་ནད་བསྐྱེད་པར་མ་ཟད། ནད་གཞི་རྙིང་པ་ཡང་བསྐྱར་སློང་སྲིད། དེ་ནི་པྲོག་གསར་གློ་ཚད་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན།

ལྡང་དུས།

ལོ་གཅིག་གི་དུས་ཚིགས་བཞི་བོ་གང་རུང་ལ་ལྡང་སྲིད་ནའང་། སྟོན་དུས་དང་དགུན་དུས་སུ་མི་རྣམས་ཁང་བའི་ནང་ལ་འདུ་འཛོམས་བྱེད་ཐེངས་མང་ཞིང་ཁང་བའི་ནང་ལ་མཁའ་རླུང་གི་འཁོར་རྒྱུག་མི་བཟང་བས་ནད་དུག་འགོས་མཆེད་འགྲོ་སླ་བ་ཡིན། དེ་བས་སྟོན་དུས་དང་དགུན་དུས་ནི་པྲོག་གསར་གློ་ཚད་ལྡང་ཚད་མཐོ་དུས་ཡིན།

འགོས་མཆེད་རང་བཞིན།

དེ་ལ་འགོས་མཆེད་རང་བཞིན་ལྡན། ཆམ་རིམས་དང་བསྡུར་ན་པྲོག་གསར་གློ་ཚད་ལ་འགོས་མཆེད་རང་བཞིན་ཆེན་པོ་ལྡན་པ་ཡིན།

གསོ་བཅོས་བྱེད་ཐབས།

མིག་སྔར་པྲོག་གསར་གློ་ཚད་ནད་དུག་ལ་རྒོལ་བའི་སྨན་ཡོད་པས་སྔ་མོ་ནས་པྲོག་གསར་གློ་ཚད་གསོ་བཅོས་ཀྱི་སྨན་བསྟེན་ནས་གསོ་བཅོས་བྱ་དགོས་ལ། ལྷག་པར་དུ་ནད་རྙིང་གཞན་པ་ཡོད་པའི་ལོ་ལོན་རྒན་པ་ཚོས་སྔ་མོ་ནས་གསོ་གཅོས་བྱ་དགོས། གསོ་བཅོས་བྱེད་ཐབས་ལ་ནད་དུག་འགོག་རྒོལ་གྱི་སྨན་བསྟེན་པ་དང་། དབྱང་བཅོས་བྱེད་པ། ཀྲུང་སྨན་བསྟེན་པ་སོགས་སྣ་འཛོམས་རང་བཞིན་གྱི་གསོ་བཅོས་བྱེད་ཐབས་བསྟེན་དགོས།

གཉིས་པ། ཆམས་རིམ།

ནད་ཀྱི་རྒྱུ།

ཆམ་རིམས་ཀྱི་ནད་དུག་གིས་སློང་བ་ཡིན།

ནད་རྟགས།

ཚ་རྒྱག་པ་དང་། མགོ་ན་བ། མིད་པ་ན་བ། ཤ་གནད་དང་རུས་ཚིགས་ན་བ་ལ་སོགས་པའི་ནད་རྟགས་ཡོད།

ན་ལུགས།

ཆམ་རིམ་ཕོག་པའི་ནད་པ་ཕལ་ཆེ་བར་དབུགས་ལམ་གོང་མའི་གནས་སུ་ནད་རྟགས་ཐོན་པ་གཙོ་ཆེ་ཞིང་། ལ་ལ་ཞིག་དང་ནད་གཞི་རྙིང་བ་ཡོད་པའི་ལོ་ལོན་རྒན་པ་རྣམས་ལ་གློ་ཚད་སློང་སྲིད་པ་ཡང་ཡོད།

ལྡང་དུས།

སྟོན་དུས་དང་དགུན་དུས་ལྡང་བ་གཙོ་ཆེ།

འགོས་མཆེད་རང་བཞིན།

འགོས་མཆེད་རང་བཞིན་ལྡན་པ་ཡིན།

གསོ་བཅོས་བྱེད་ཐབས།

ཆམ་རིམས་ལ་ཕན་ནུས་ཁྱད་པར་ཅན་གྱི་སྨན་བསྟེན་རྒྱུ་ཡོད་ལ། ནད་དུག་ལ་རྒོལ་བའི་གསོ་བཅོས་བྱེད་ཐབས་ཀྱིས་གསོ་བཅོས་བྱས་ན་ནད་གཞི་ཇེ་ཡང་དུ་གཏོང་ཐུབ་པར་མ་ཟད་ནད་གཞན་པ་སློང་བ་ཡང་སྔོན་འགོག་བྱེད་ཐུབ།

གསུམ་པ། སྤྱིར་བཏང་གི་ཆམ་པ།

ནད་ཀྱི་རྒྱུ།

མིའི་ལུས་སྟེང་ལ་གནས་བཅོས་ནས་སྐྱེ་འཕེལ་བྱུང་བའི་ནད་འབུ་ཕྲ་མོས་བསྐྱེད་པའི་ནད་དུག་གིས་སློང་བ་ཡིན། དཔེར་ན་སྣ་ཁུང་གི་ནད་དུག་གིས་སློང་བ་ལྟ་བུ།

ནད་རྟགས།

སྤྱིར་བཏང་དབུགས་ལམ་གོང་མའི་གནས་སུ་ནད་རྟགས་མངོན་པ་སྟེ། དཔེར་ན་སྣ་ཆུ་བཞུར་བ་དང་སྣ་འགགས་པ། སྣ་སྦྲིད་རྒྱག་པ་ལྟ་བུ། སྤྱིར་བཏང་གི་ཆམ་པ་ལ་ཚ་ཅུང་ཙམ་རྒྱག་པའི་ནད་རྟགས་ཡོད་པ་མ་གཏོགས་ཚ་ཆེན་པོ་རྒྱག་པ་ཧ་ཅང་ཉུང་།

ན་ལུགས།

དབུགས་ལམ་གོང་མའི་གནས་སུ་ནད་རྟགས་ཡོད་པ་མ་གཏོགས་སྤྱིར་བཏང་གློ་ཚད་སོགས་མི་བསྐྱེད་པ་ཡིན།

ལྡང་དུས།

སྤྱིར་བཏང་གི་ཆམ་པ་ལ་ངེས་གཏན་གྱི་ལྡང་དུས་མེད་པར་དུས་ཚིགས་གང་རུང་ལ་ལྡང་སྲིད་པ་ཡིན་ཞིང་། གཙོ་བོ་མིའི་ལུས་ཕུང་གི་ནད་འགོག་ནུས་པ་ཉམས་ཞན་དུ་གྱུར་བའི་སྐབས་སུ། གནས་གང་རུང་ལ་ནད་འབུ་ཕྲ་མོ་སྐྱེ་འཕེལ་བྱུང་ནས་དེས་ནད་དུག་བསྐྱེད་ཅིང་ནད་རྟགས་ཐོན་པར་བྱེད་པ་ཡིན།

འགོས་མཆེད་རང་བཞིན།

འགོས་མཆེད་རང་བཞིན་མེད།  མིའི་ལུས་ཕུང་གི་ནད་འགོག་ནུས་པ་ཉམས་ཞན་དུ་གྱུར་བའི་སྐབས་སུ། དབུགས་ལམ་གོང་མ་ལ་ནད་འབུ་ཕྲ་མོ་སྐྱེ་འཕེལ་བྱུང་ནས་དེས་ནད་དུག་བསྐྱེད་ཅིང་ནད་རྟགས་ཐོན་པར་བྱེད་པ་ཡིན།

གསོ་བཅོས་བྱེད་ཐབས།

སྤྱིར་བཏང་གི་ཆམ་པར་གསོ་བཅོས་བྱེད་པའི་དགོས་པ་མེད། ཉིན1-3གྱི་ནང་ལ་དྲག་སྐྱེད་བྱུང་ནས་ནད་རྟགས་མེད་པར་གྱུར་འགྲོ  ཆུ་ཁོལ་འཐུང་ནས་ངལ་གསོ་མང་ཙམ་བྱས་པས་ཆོག །

རྩོམ་སྒྲིག་པ། འབྲུག་མོ།