ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་སྒྲིག་གཞིས《ལོ་ལོན་རྒན་པར་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ཇུས་གཞི》ཞེས་པ་དཔར་འགྲེམ་བྱས་ནས། ལོ་ལོན་རྒན་པར་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་བྱ་བར་སྔར་ལས་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས་པ་རེད།
ལོ་ལོན་རྒན་པར་འགོག་སྨན་རྒྱག་དགོས་དོན་ཅི་ཡིན་པ་དང་། ལོ་ལོན་རྒན་པས་འགོག་སྨན་རྒྱག་པར་སྟབས་བདེ་བསྐྲུན་པའི་བྱ་ཐབས་ཡོད་མེད། མིག་སྔར་རང་རྒྱལ་གྱི་ལོ་ལོན་རྒན་པར་འགོག་སྨན་བརྒྱབ་པའི་གནས་ཚུལ་ཇི་འདྲ་ཡིན་པ་བཅས་སྤྱི་དམངས་རྣམས་ཀྱིས་ཆེས་དོ་ཁུར་བྱེད་པའི་ལོ་ལོན་རྒན་པར་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་སྐོར་གྱི་འབྲེལ་ཡོད་གནད་དོན་འདི་དག་ཐད། གསར་འགོད་པས་རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུའུ་འཕྲོད་བསྟེན་རིམས་འགོག་སིའི་སི་ཀྲང་ཞ་ཀང་ལ་བཅར་འདྲི་བྱས་པ་རེད།
༡. ལོ་བརྒྱད་ཅུ་ལྷག་ལ་སོན་པའི་ལོ་ལོན་རྒན་པ་རྣམས་སྒོ་ཕྱིར་འགྲོ་ཚད་ཧ་ཅང་ཉུང་བས། འགོག་སྨན་རྒྱག་དགོས་སམ།
ཐེངས་འདིའི་བྱ་བའི་ཇུས་གཞིའི་ནང་། ལོ་བརྒྱད་ཅུའི་ཡན་གྱི་མི་ཚོགས་ལ་འགོག་སྨན་རྒྱག་ཚད་མགྱོགས་མྱུར་ངང་ཇེ་མཐོར་གཏོང་དགོས་ཤིང་། ལོ་དྲུག་ཅུ་ནས་དོན་དགུའི་བར་གྱི་མི་ཚོགས་ལ་འགོག་སྨན་རྒྱག་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན་ཡོད།
ང་ཚོས་གཞི་རིམ་རྟོག་ཞིབ་ཁྲོད་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་དུང་འགོག་སྨན་བརྒྱབ་མེད་པའི་ལོ་ལོན་རྒན་པར་ཕྱོགས་གསུམ་ཐད་ཀྱི་གནས་ཚུལ་ཡོད་དེ། གཅིག་ནི་པྲོག་གསར་ནད་དུག་འགོ་བའི་ཉེན་ཁའི་འདུ་ཤེས་མི་འདང་བ་སྟེ། རང་ཉིད་ཀྱི་ཉིན་རྒྱུན་གྱི་འགུལ་སྐྱོད་ཁྱབ་ཁོངས་ཆེན་པོ་མེད་པས། ནད་དུག་དང་འཕྲད་པའི་གོ་སྐབས་ཅུང་ཉུང་བར་འདོད་པ། གཉིས་ནི་རང་ཉིད་ལ་དལ་བའི་རང་བཞིན་གྱི་ནད་རིགས་ཡོད་པས། འགོག་སྨན་བརྒྱབ་ན་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་འབྱུང་སྲིད་པར་སེམས་ཁུར་བྱེད་བཞིན་པ་དང་། འགོག་སྨན་རྒྱག་དགོས་མིན་ཐད་ཐེ་ཚོམ་ཟ་བཞིན་ཡོད། གསུམ་ནི་ལོ་ལོན་རྒན་པ་ལ་ལའི་འགུལ་སྐྱོད་བྱེད་ནུས་ཉམས་ཡོད་པར་བརྟེན། འགོག་སྨན་རྒྱག་པར་འགྲོ་མི་བདེ་བ་བཅས་ཡིན།
ཕྱོགས་འདི་གསུམ་གྱི་གནད་དོན་ལ་དམིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་སྒྲིག་གཞིས་བྱེད་ཐབས་ཁ་ཤས་བཏོན་ཡོད་དེ། དེའི་ཁྲོད་གལ་ཆེ་བ་ནི་མང་ཚོགས་དང་ལོ་ལོན་རྒན་པ་རྣམས་ཀྱི་འགོག་སྨན་རྒྱག་པའི་ཐད་ཀྱི་ངོས་འཛིན་ཇེ་མཐོར་གཏོང་དགོས་པ་དེ་ཡིན། ལོ་ལོན་རྒན་པ་རྣམས་ལ་དལ་བའི་རང་བཞིན་གྱི་ནད་རིགས་ཅུང་མང་བས། གལ་སྲིད་པྲོག་གསར་ནད་དུག་འགོས་ན། ནད་གཞི་ལྕི་མོའི་རིགས་དང་ཉེན་ཚབས་ཆེ་བར་གྱུར་ནས། ཐ་ན་འཆི་ཉེན་ཡང་ཆེ་བ་རེད། དེ་བས་ལོ་ལོན་རྒན་པར་པྲོག་གསར་ནད་དུག་གི་འགོག་སྨན་བརྒྱབ་ན་ཕན་པ་ཆེན་པོ་ཐོབ་ཐུབ། འགོག་སྨན་ནི་བདེ་འཇགས་དང་ནུས་ལྡན་ཡིན། རྒྱ་ཆེའི་ལོ་ལོན་རྒན་པ་རྣམས་ཀྱིས་པྲོག་གསར་ནད་དུག་གི་འགོག་སྨན་བརྒྱབ་ནས། རང་ཉིད་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུར་ལྷག་བསམ་རྣམ་དག་གིས་འབོད་སྐུལ་བཏང་བ་ཡིན།
༢. ལོ་ལོན་རྒན་པ་རྣམས་ཀྱིས་འགོག་སྨན་རྒྱག་པར་སྟབས་བདེ་བསྐྲུན་པའི་བྱ་ཐབས་གང་དག་ཡོད་དམ།
《ལོ་ལོན་རྒན་པར་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ཇུས་གཞི》ཡིས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དོན་འཁྱོལ་བཟང་པོ་བྱེད་པ། ཞབས་ཞུ་ཇེ་ལེགས་སུ་གཏོང་བ། དྲིལ་སྒྲོག་ཞིབ་ཚགས་ཅན་དུ་གཏོང་བ་སོགས་ཀྱི་ཐད་བཀོད་སྒྲིག་དང་སྐུལ་སྤེལ་བྱས་ཡོད།
འགོག་སྨན་རྒྱག་པའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བའི་ཐད། འགོག་སྨན་རྒྱག་པའི་ཞབས་ཞུའི་དྲོད་འཁོལ་དང་སྟབས་བདེའི་རང་བཞིན་སྔར་བས་ཇེ་མཐོར་གཏོང་རྒྱུ།
དུས་རིམ་སྔོན་མའི་ཉམས་མྱོང་གི་རྨང་གཞིའི་སྟེང་། ལོ་ལོན་རྒན་པར་འགོག་སྨན་རྒྱག་པའི་སྟབས་བདེ་བགྲོད་ལམ་མུ་མཐུད་དུ་འཛུགས་པ། དེ་དང་ཆབས་ཅིག་གནས་སྐབས་འགོག་སྨན་རྒྱག་ཡུལ་དང་། སྐོར་སྐྱོད་འགོག་སྨན་རྒྱག་པའི་རླངས་འཁོར་བཀོད་སྒྲིག་བྱས་ནས། ལོ་ལོན་རྒན་པ་རྣམས་ཀྱིས་འགོག་སྨན་རྒྱག་པར་སྟབས་བདེ་བསྐྲུན་རྒྱུ། འགྲོ་འདུག་སྟབས་མི་བདེ་བའི་ལོ་ལོན་རྒན་པར། ནད་བརྟག་སྨན་བཅོས་དང་འགོག་སྨན་རྒྱག་པའི་ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་དོན་མི་སྣ་བཀོད་སྒྲིག་བྱས་ཏེ། སྒོ་ཁར་སོང་ནས་ལོ་ལོན་རྒན་པ་རྣམས་ལ་འགོག་སྨན་རྒྱག་པ། གཞན་ཡང་། སྨན་དོན་མི་སྣས་འགོག་སྨན་རྒྱག་སྐབས་ལོ་ལོན་རྒན་པ་རྣམས་ཀྱི་དོགས་གཞིར་ངག་འཇམ་པོས་ལན་འདེབས་པ་དང་། ལོ་ལོན་རྒན་པའི་བདེ་ཐང་གནས་ཚུལ་ལ་དཔྱད་དཔོག་བྱས་ནས། འགོག་སྨན་རྒྱག་པའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད།
༣. མིག་སྔར་རང་རྒྱལ་གྱི་ལོ་ལོན་རྒན་པ་རྣམས་ལ་འགོག་སྨན་བརྒྱབ་པའི་གནས་ཚུལ་ཇི་འདྲ་ཡིན་ནམ། གོ་རིམ་རྗེས་མར་བྱ་བའི་གཙོ་གནད་གང་དག་ཡོད་དམ།
རང་རྒྱལ་གྱི་ལོ་ལོན་རྒན་པ་རྣམས་ལ་པྲོག་གསར་ནད་དུག་གི་འགོག་སྨན་བརྒྱབ་པའི་སྤྱིའི་གནས་ཚུལ་ཅུང་ལེགས་མོད། འོན་ཀྱང་ལོ་ན་མི་འདྲ་བའི་བར་ཁྱད་པར་ཡོད་དེ། ལོ་བརྒྱད་ཅུའི་ཡན་གྱི་ལོ་ལོན་རྒན་པར་འགོག་སྨན་བརྒྱབ་ཚད་ད་དུང་ཅུང་ཉུང་བ་རེད། དེ་བས་ཕྱོགས་གཅིག་ནས་སྤྱིའི་ཆ་ནས་ལོ་ལོན་རྒན་པར་འགོག་སྨན་རྒྱག་ཚད་ཇེ་མཐོར་གཏོང་དགོས་ལ། ཕྱོགས་གཞན་ཞིག་ནས་ལོ་བརྒྱད་ཅུའི་ཡན་གྱི་ལོ་ལོན་རྒན་པར་འགོག་སྨན་རྒྱག་ཚད་སྐུལ་འདེད་སྒོས་ཇེ་མཐོར་གཏོང་དགོས།
ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་བར་དུ། རང་རྒྱལ་གྱི་ལོ་དྲུག་ཅུའི་ཡན་གྱི་ལོ་ལོན་རྒན་པ་བརྒྱ་ཆའི་དགུ་བཅུ་དང་གྲངས་ཆུང་དྲུག་བརྒྱད་ཙམ་ལ་པྲོག་གསར་ནད་དུག་གི་འགོག་སྨན་བརྒྱབ་ཟིན་པ་དང་། བརྒྱ་ཆའི་གྱ་དྲུག་དང་གྲངས་ཆུང་བཞི་གཉིས་ཙམ་ལ་བརྒྱུད་རིམ་ཧྲིལ་པོའི་འགོག་སྨན་བརྒྱབ་ཟིན། རང་རྒྱལ་གྱི་ལོ་བརྒྱད་ཅུའི་ཡན་གྱི་ལོ་ལོན་རྒན་པར་བརྒྱུད་རིམ་ཧྲིལ་པོའི་པྲོག་གསར་ནད་དུག་གི་འགོག་སྨན་བརྒྱབ་ཚད་བརྒྱ་ཆའི་རེ་ལྔ་དང་གྲངས་ཆུང་བརྒྱད་ཙམ་ཡིན།
གོམ་རིམ་རྗེས་མར། ང་ཚོས་ཇུས་གཞིའི་བླང་བྱ་ནན་ཏན་སྒོས་ལག་བསྟར་བྱས་ནས། ས་གནས་ཁག་གིས་རྩ་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པར་མཛུབ་སྟོན་བྱེད་པ་དང་། འགོག་སྨན་རྒྱག་པའི་ཞབས་ཞུ་ཇེ་ལེགས་སུ་བཏང་ནས། འགོག་སྨན་གྱི་རིམས་འགོག་ནུས་ཤུགས་ཆེ་རུ་གཏོང་བ་དང་ལོ་ལོན་རྒན་པར་འགོག་སྨན་རྒྱག་པའི་བྱ་བ་བཟང་པོར་བསྒྲུབ་རྒྱུ་ཡིན།།
རྩོམ་སྒྲིག་པ། འབྲུག་མོ།